ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་དཔུང་སྡེར་འཚམས་འདྲི་གནང་བ།
མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ་དང་ཡུལ་དམག་བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ།

ཟླ་2ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་བརྙན་ལམ་ནས་དམག་ཡོངས་ཀྱི་དམག་གྲབས་ལས་རེས་དང་ལས་འགན་སྒྲུབ་ཚུལ་ལ་ཞིབ་བཤེར་དང་འབྲེལ་ཡོད་དཔུང་སྡེར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ་དང་ཡུལ་དམག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་དཔོན་དམག་ཚོར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བཞིན་པ།
དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་10ཉིནཔེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་བརྙན་ལམ་ནས་དམག་ཡོངས་ཀྱི་དམག་གྲབས་ལས་རེས་དང་ལས་འགན་སྒྲུབ་ཚུལ་ལ་ཞིབ་བཤེར་དང་འབྲེལ་ཡོད་དཔུང་སྡེར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ་དང་ཡུལ་དམག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་ཞི་ཅིན་ཕིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་ཕེབས་ནས་དམག་དཔུང་ཁག་གི་དཔུང་རིགས་་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཚན་པ་9དང་བརྙན་ལམ་ནས་བཀའ་མོལ་གནང་ཞིང་། སྐམ་དམག་ལུའེ་ཤོག་ཅིག་གི་ཡིང་ཤོག་2པ་དང་། མཚོ་དམག་ཨན་ཧུའེ་དམག་གྲུ། མཁའ་དམག་མཁའ་སྐྱོད་དམག་གི་ལུའེ་ཤོག་ཅིག མེ་ཤུགས་འཕུར་མདའ་དམག་གི་ལུའེ་ཤོག་ཅིག དམག་དོན་འཇིག་རྟེན་འཕུར་སྐྱོད་དཔུང་སྡེའི་དཔུང་སྡེ་ཞིག དྲ་རྒྱའི་བར་མཐོངས་དཔུང་སྡེའི་དཔུང་སྡེ་ཞིག ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ལྟེ་གནས་ཤིག མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེའི་མཛོད་ཁང་ཞིག དྲག་ཆས་ཉེན་རྟོག་དཔུང་སྡེའི་ཉིང་ལག་རུ་ཁག་ཅིག་བཅས་ཀྱིས་རིམ་པ་བཞིན་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དམག་གྲབས་ལས་རེས་དང་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་སྙན་སེང་ནན་ཏན་ངང་གསན་རྗེས་ཁོང་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་ཞིང་། དཔོན་དམག་ཚོ་སྙིང་སྟོབས་ཀྱིས་ཁེངས་ཤིང་་ངར་ཤུགས་རབ་ཏུ་འཕེལ་བ་དང་རང་སོ་སོའི་ལས་གནས་ཐོག་དམག་སྦྱོང་དམག་གྲབས་ཧུར་ཐག་བྱེད་པ་གཟིགས་སྐབས། ཞི་ཅིན་ཕིང་གིས་ཁས་ལེན་གང་ལེགས་གནང་བ་དང་སྦྲགས། ཚང་མར་དངོས་འཐབ་ཅན་གྱི་དམག་སྦྱོང་ལ་དམ་འཛིན་ནན་པོ་བྱེད་པ་དང་ལག་ནང་གི་གོ་མཚོན་སྒྲིག་ཆས་ཡག་པོ་སྤྱད་དེ་དཔུང་སྡེའི་དམག་འཐབ་ནུས་པ་འཛུགས་སྐྱོང་དང་བེད་སྤྱོད་ཆུ་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། མི་དམངས་དམག་དཔུང་གིས་ཆབ་སྲིད་ཀྱི་དག་ཐེར་དང་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཐེབས་ཡོད། དམག་ཡོངས་ཀྱི་རྒྱ་ཆེའི་དཔོན་དམག་དང་ལྷག་པར་དུ་གཞི་རིམ་དཔོན་དམག་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་ནི་རྦད་དེ་ཉམས་སད་ཐེག་པ་དང་བློས་འགེལ་ཆོག་པ་ཞིག་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉིན་ཤས་སོང་རྗེས་རྟ་ལོའི་དཔྱིད་གསར་དུས་ཆེན་ཡིན་པ་དང་། དུས་ཆེན་སྐབས་དམག་གྲབས་མ་བརྗེད་པ་བྱེད་པ་ནི་རང་དམག་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་ཡིན། དམག་ཡོངས་ཀྱི་དཔུང་སྡེས་དམག་གྲབས་ལས་རེས་ལ་ཤུགས་སྣོན་རྒྱག་པ་དང་གཏན་འབེབས་ཀྱི་འགོག་ཟོན་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ཉེན་ཡོད་པའི་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་སྲུང་སྐྱོང་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག ལས་དོན་ལ་སྤྱི་འདོམས་ཡག་པོ་བྱེད་པར་དོ་སྣང་བྱས་ཏེ་དུས་ཆེན་རིང་གི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།