དབུ་ཤོག
  • ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་དུས་ཆེན་བསུས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-13

    ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ།

    འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ།

    ཝང་ཧུའུ་ཉིང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཞུགས་པ།


    ཟླ་2ཚེས་11ཉིན། ཞི་ཅིན་ཕིང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་ཕྱིའི་མི་སྣ་དང་ལྷན་འཛོམས་གནང་ནས་དུས་ཆེན་ལ་བསུ་བ་ཞུས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ། མེ་རྟ་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་ཏེ་ཚེས་11ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་ལྷན་འཛོམས་གནང་ནས་དཔྱིད་གསར་དུས་ཆེན་བསུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཀྲུང་གོ་ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི་ཀྲོའུ་ཀྲུང་ཧོ་དང་ཝང་མེ་ཞང་སོགས་གདན་ཞུས་ལྟར་ཞུགས་ཡོད་པ་རེད། ད་དུང་གདན་ཞུས་ལྟར་ཕེབས་མཁན་གྱི་གྲས་སུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ལེང་ཀྲེན་དབྱིང་དང་། དེ་བཞིན་འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་འཐེན་གནང་བའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད་པ་རེད།

    ཧོ་ཝེ་ཡིས་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས། 2025ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དྲག་ཆར་རླུང་འཚུབ་ཁྲོད་དུ་འབད་འབུངས་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་ཁྲོད་དུ་གཟི་བརྗིད་བཏོད་དེ“ལོ་ལྔ་ཚན་བཅུ་བཞི་པའི” དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། ལོ་གསར་པར་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པར་དམིགས་པ་དང་སྲིད་དོན་ཇུས་འབུལ་ཧུར་ཐག་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    ཧོ་ཝེ་ཡི་ཤིས་ཚིག་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། 2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། རྒྱལ་ཁབ་ཕྱི་ནང་གི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བའི་མདུན་དུ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་དང་འབད་འབུངས་སྟོབས་བརྩོན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་འགོད་བཏིང་ཡོད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་བཙུགས་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཡོད། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་གནོན་བཟོད་མདུན་སྐྱོད་དང་གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བཏང་ཡོད། དམངས་འཚོའི་འགན་སྲུང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་དང་། རིག་གནས་འཛུགས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་འགོ་བཏོན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བས་སྤྱོད་ཚུལ་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལོ་5ཙམ་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་བ་དང་། རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དངོས་དང་། ཚན་རྩལ་གྱི་སྟོབས་ཤུགས་དངོས། རྒྱལ་སྲུང་གི་སྟོབས་ཤུགས་དངོས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་བསླེབས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་གསར་པ་ཞིག་སྤོས་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་བའི་འབྲས་བུ་དང་། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད་ཅེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་རིང་། ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས“གཏན་འབེབས་སློབ་སྦྱོང་དང་། སྤྱོད་ཚུལ་ལ་ཤུགས་སྣོན་རྒྱག་པ། གཟུགས་བརྙན་གཏོད་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྐྱོན་བྲལ་གཉིས”ལ་སྐུལ་འདེད་གཏོང་ཆེད་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ནས། རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ཏེ། ལས་རྗེས་གསར་པ་ཧུར་ཐག་འཇོག་དགོས། གཅིག་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་། ལངས་ཕྱོགས་གཅིག་པ་བཟུང་བ། ལས་དོན་ཕྱོགས་གཅིག་ལ་སྒྲུབ་པ་བཅས་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣར་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། གཉིས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གུང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ཆེད་དངོས་སྒྲུབ་གོ་ཆོད་ཀྱི་གྲོས་འགོ་དེ་བས་མང་བ་འདོན་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་སྒྲིག་འཛུགས་ནན་པོ་བྱེད་དགོས། གསུམ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་དང་སྲིད་ཞུགས་སྟོབས་ཤུགས་ཀྱི་གཟུགས་བརྙན་གསར་པ་དེ་བས་ལེགས་པའི་ངང་མངོན་དགོས། འགོ་ཁྲིད་ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཁོངས་མིའི་འཕེལ་རྒྱས་ཀྱི་སྤུས་ཚད་ལ་སྣང་ཆེན་བྱེད་པ་དང་སྤྱོད་བཟང་སྒྲིག་ནན་བྱས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཆབ་སྲིད་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་རབ་ཏུ་རྒྱས་པ་རྒྱུན་འཁྱོངས་ཐུབ་པར་འགན་ལེན་བྱེད་དགོས།

    ལི་ཀན་ཅེ་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།