ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་བ།
2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་རགས་ཆེན་མུ་མཐུད་བརྟན་དུ་གཏོང་བ། སྤྱོད་བཟང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་གཏོད་པ་བཅས་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་2025ལོར་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་ཁག་གསུམ་བརྡ་ཁྱབ་བཏང་བ་གཤམ་གསལ།
ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཚེ་དབང་ཉི་མས་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ལག་རྟགས་དང་འབུལ་རྟེན་སོགས་སྒྲིག་འགལ་ངང་བླངས་པའི་གནད་དོན། 2009ལོ་ནས་2021ལོ་བར་ཚེ་དབང་ཉི་མས་མེ་ཏོག་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ། སྨན་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་སོགས་ཀྱི་ལས་འགན་འཁུར་རིང་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་ཨ་རག་དཀར་པོ་ཤེལ་དམ་52དང་། ཐ་མག་རྡར་ཚན་54 ལག་འདོགས་ཆུ་ཚོད་སོགས་ལག་རྟགས་སྒྲིག་འགལ་ངང་ཐེངས་མང་བླངས་པ་དང་། དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་དངུལ་སྒོར་ཁྲི་1བླངས་པ། གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་ལ་ཞུགས་པ་མ་ཟད། ད་དུང་ཚེ་དབང་ཉི་མར་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་པས། 2025ལོའི་ཟླ་10པར་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་གནས་དབྱུང་བཏང་བ་དང་ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་གཏུག་བཤེར་བྱེད་པར་རྩིས་སྤྲད་པ་རེད།
ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་རྫོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་དབྱང་ཡུས་ཏུང་གིས་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ལག་རྟགས་དང་འབུལ་རྟེན་བླངས་པ་སོགས་ཀྱི་གནད་དོན། 2013ལོ་ནས་2021ལོ་བར་དབྱང་ཡུས་ཏུང་གིས་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་། རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་འཁུར་རིང་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་ཨ་རག་དཀར་པོ་ཤེལ་དམ་12དང་། ཐ་མག་རྡར་ཚན་21 རྒུན་འབྲུམ་ཨ་རག ཇ་ལོ། བརྙན་སྟོན་འཕྲུལ་ཆས། ལག་འཁྱེར་གློག་ཀླད། གྲངས་འཛིན་པར་ཆས། ལག་འཁྱེར་ལྟོ་ཕད། གྱོན་ཆས། ལག་འདོགས་ཆུ་ཚོད་སོགས་ལག་རྟགས་སྒྲིག་འགལ་ངང་ཐེངས་མང་བླངས་པ་དང་། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་དངུལ་སྒོར་ཁྲི་5བླངས་པ་མ་ཟད། ད་དུང་དབྱང་ཡུས་ཏུང་ལ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་པས། 2025ལོའི་ཟླ་2པར་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་གནས་དབྱུང་བཏང་བ་དང་ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་གཏུག་བཤེར་བྱེད་པར་རྩིས་སྤྲད་པ་རེད།
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་དེ་སྔའི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀུང་ཆང་གིས་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ལག་རྟགས་བླངས་པའི་གནད་དོན། 2020ལོ་ནས་2023ལོ་བར་ཀའོ་ཀུང་ཆང་གིས་མེ་ཏོག་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་འཁུར་རིང་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་ཨ་རག་དཀར་པོ་དང་ཁ་པར་སོགས་ལག་རྟགས་བླངས་པ་མ་ཟད། ད་དུང་ཀའོ་ཀུང་ཆང་ལ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་པས། 2025ལོའི་ཟླ་4པར་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་གནས་དབྱུང་བཏང་བ་དང་ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་གཏུག་བཤེར་བྱེད་པར་རྩིས་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།