2025ལོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་368ལྷག་ཙམ་ཟིན་པ།
ཉེ་ཆར། ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་2025ལོའི་རྒྱལ་ཡོངས་ཀྱི་ཟོག་འགྲུལ་འཁོར་སྐྱོད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། 2025ལོར་རང་རྒྱལ་གྱི་ཟོག་འགྲུལ་དགོས་མཁོའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་དང་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། ཟོག་འགྲུལ་གྱི་ལས་ཕྱོད་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཟོག་འགྲུལ་གྱི་འགྲོ་གྲོན་བསྡོམས་འབོར་དང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ལོ་རྒྱུས་ཀྱི་ཆུ་ཚད་དམའ་ཤོས་སུ་ཆག་པ། ཟོག་འགྲུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། ལོ་ཧྲིལ་པོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་368.2ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ཡོད་པ་རེད།
2025ལོར་རང་རྒྱལ་གྱི་བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་5.3%འཕར་ནས་སྤྱི་ཚོགས་ཟོག་འགྲུལ་བསྡོམས་འབོར་འཕར་བར་ལེགས་སྐྱེས་འབུལ་ཚད་82%ཟིན་ཡོད། བཟོ་ལས་དཔལ་འབྱོར་གྲུབ་ཆ་རིམ་སྤོར་གྱི་སྐུལ་ཁྲིད་འོག སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཟོག་འགྲུལ་དགོས་མཁོ་འཕར་གཞི་གཙོ་བོར་གྱུར་ཞིང་། 2025ལོར་འབྲེལ་ཡོད་ཟོག་འགྲུལ་གྱི་དགོས་མཁོ་འཕར་ཚད་ཚང་མ་9%ལས་བརྒལ་ཏེ། བཟོ་ལས་ཐོན་རྫས་ཟོག་འགྲུལ་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
2025ལོར། ལས་ཁུངས་དང་གྲོང་མིའི་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་5.1%འཕར་བ་དང་། ལོ་དེའི་ནང་འཕར་སྣོན་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་ཐུབ་སྟེ། ཁྱབ་ཁོངས་ཁག་གི་འཛད་སྤྱོད་ཟོག་འགྲུལ་གྱི་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་བརྟན་པོ་ཕྱིན་ཡོད་པ་རེད།
2025ལོར། གསར་དར་ཐོན་ལས་ཀྱི་ཟོག་འགྲུལ་དགོས་མཁོའི་འཕར་ཚད་མངོན་གསལ་དོད་ཅིང་། བཟོ་ལས་འཕྲུལ་མིའི་ཟོག་འགྲུལ་གྲངས་ཚད་དུས་མཚུངས་ལས་28%འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཟོག་འགྲུལ་གྲངས་ཚད་དུས་མཚུངས་ལས་25.1%འཕར་ཡོད། བསྐྱར་སྐྱེས་ཐོན་ཁུངས་ཀྱི་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་13.2%འཕར་བ་དང་། ལོ་དེའི་ནང་གི་དུས་ཚིགས་ཚང་མར་13%ཡན་གྱི་འཕར་ཚད་ཅུང་མཐོ་བ་རྒྱུན་འཁྱོངས་ཐུབ་ནས། ཟོག་འགྲུལ་དགོས་མཁོའི་གྲུབ་ཆ་དེ་ཐན་ཉུང་ཅན་དང་ནུས་ཆེ་ཅན་གྱི་ཕྱོགས་སུ་ལེགས་འགྱུར་རིམ་སྤོར་བྱུང་བ་རེད།
2025ལོར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲུལ་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་19.5ཟིན་པ་དེ་དུས་མཚུངས་ལས་3.0%འཕར་བ་དང་། ལོ་དེའི་ནང་གི་འཕར་ཚད་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་གྱི་འཕར་ཚད་ལས་རྒྱུན་མཐུད་དམའ་བ་ཡོད། སྤྱི་ཚོགས་ཟོག་འགྲུལ་གྱི་འགྲོ་གྲོན་བསྡོམས་འབོར་དང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་13.9%བར་ཆག་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།