དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་སྤུས་འབྲས་ལེགས་སུ་བཏང་བ།

    རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་ལྔ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-12

    ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་ལས་འཛོལ་ཐག་གཅོད་ཚོམས་ཆེན་ལ་དེ་སྔོན“གཡུལ་ས”ཞིག་དང་འདྲ་བར་ག་དུས་ཡིན་ཡང་ལས་འཛོལ་ཐག་གཅོད་བྱེད་མཁན་གྱི་ཁ་ལོ་བས་ཁེངས་ཡོད། ཁོང་ཚོ་ཕན་ཚུན་རྩོད་པ་རྒྱག་གིན་རེའུ་མིག་རྒྱོང་བ་ནས་ཐག་གཅོད་མཇུག་འབྲས་མ་ཐོན་བར་དེ་གར་ཆུ་ཚོད་ཁ་ཤས་སྒུག་ནས་སྡོད་དགོས་ཀྱི་ཡོད།

    “སྐབས་དེ་དུས་རྩོད་པ་ཤོར་ན་ང་ཚོས་འདུམ་སྒྲིག་བྱེད་ཁག་པོ་འདུག” “ད་ཆ་རྒྱུགས་ར་ཞིག་དང་འདྲ་བར་ཁུ་སིམ་མེར་གནས་ཤིང་། གོམ་པ་སྤོས་པའི་སྒྲ་ཡང་ཐོས་ཀྱི་འདུག”ཅེས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་ལས་འཛོལ་ཐག་གཅོད་རུ་ཆེན་གྱི་རུ་དཔོན་ཧོའུ་ཏའོ་དབྱི་ཡིས་བཤད།

    རྩོད་པ་རྒྱག་པ་ནས་ཁུ་སིམ་མེར་གནས་པའི་བར། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཐོག རྒྱུན་སྲིང་ལྷོད་མེད་ཀྱི་ངེས་ཤུགས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཏན་ཏིག་དང་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་གཏིང་ཟབ་སྤེལ་ཏེ། འགྲིམ་འགྲུལ་དོ་དམ་གྱི་ཞབས་ཞུའི་ཕན་ནུས་ཆེ་རུ་དང་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་བ་རེད།

    གྲི་དངོ་ནང་གཏད། ལག་རྩལ་མཐོར་གཏོང་གིས་ལས་ཆོད་ཆེ་རུ་བཏང་བ།

    “འགྲིམ་འགྲུལ་དོ་དམ་12123”གྱི་མཉམ་འབྲེལ་དྲ་རྒྱའི་བརྙན་ལམ་བརྒྱུད་མགྱོགས་མྱུར་ཐག་གཅོད་དང་འགན་འཁྲི་གཏན་འཁེལ་བྱེད་པའི་མ་ལག་བཏོན་པ་ནས་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། མི་རིང་བའི་གོང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཐོ་པ་ཤང་དུ་རླངས་འཁོར་མཇུག་རྡུང་གི་ལས་འཛོལ་ཞིག་ཐོན་ཞིང་། ཉེན་བརྡ་འབྱོར་འཕྲལ་ཧོའུ་ཏའོ་དབྱི་ཡིས་བརྙན་ལམ་བརྒྱུད་ས་ཡུལ་དངོས་ལ་རྩད་ཞིབ་བྱས་རྗེས་གློག་རྡུལ་གྱི་འགན་འཁྲི་ངོས་བཟུང་ཡི་གེ་ཐད་ཀར་དོ་བདག་གི་ལག་ཐོགས་ཁ་པར་ཐོག་བསྐུར་པའི་བར་སྐར་མ་10ལས་འགོར་མེད་པ་རེད། གལ་སྲིད་འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་བཏང་ནས་ས་ཡུལ་དངོས་སུ་བསྐྱོད་ན་ཆུ་ཚོད་གསུམ་འགོར་གྱི་ཡོད་པ་རེད།

    ཧོའུ་ཏའོ་དབྱི་ཡིས“དང་ཐོག་བརྙན་ལམ་ནས་མགྱོགས་མྱུར་ཐག་གཅོད་བྱེད་སྐབས། ང་ཚོའི་སེམས་ལའང་དོགས་འཆར་སྐྱེ་ཡི་འདུག མི་དང་ས་ཡུལ་དངོས་གང་ཡང་མཐོང་མེད་པར་འདྲ་པར་ཁ་ཤས་ལ་བལྟས་ནས་འགན་འཁྲི་གཏན་འཁེལ་བྱེད་ཐུབ་བམ་ཅེས་བསམ་བློ་འཁོར་མྱོང་བའི”སྐོར་བཤད།

    ཡིན་ན་ཡང་ལག་ལེན་བསྟར་དུས། དོ་བདག་དང་ལག་ཐོགས་ཁ་པར་གྱི་བརྙན་ལམ་སྦྲེལ་ཚེ་སྐར་མ་བཅུའི་ནང་གློག་རྡུལ་གྱི་འགན་འཁྲི་ངེས་བཟུང་ཡི་གེ་ལེན་ཐུབ་ཀྱི་འདུག སུའི་འགན་འཁྲི་ཡིན་པ་གཏན་འཁེལ་མ་ཐུབ་པར་རྩོད་པ་བརྒྱབ་ནས་ཆུ་ཚོད་གསུམ་བཞི་འགོར་གྱི་འདུག

    ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འཁོར་རིགས་དོ་དམ་སུའོ་ཡི་ཚོམས་ཆེན་དུ་སྐྱོད་སྐབས་བྱེད་ཐབས་འདིའི་རིགས་ཧ་ཅང་མངོན་གསལ་དོད་པོ་རེད། རླངས་འཁོར་གསར་པ་ཉོས་པའི་དོན་གྲུབ་ཀྱིས་འཁོར་བྱང་གསར་པ་བླངས་ཀྱང་ད་དུང་ཡིད་མ་ཆེས་པ་ལྟར་འདུག སྔོན་ཆད་སྐར་ཁུང་མང་བས་བང་བསྒྲིགས་ནས་ཉིན་ཕྱེད་ཀ་ཙམ་འགོར་གྱི་འདུག “ད་ཆ་སྐར་མ་ལྔ་ཡང་མ་འགོར་བར་ཚང་མ་སྒྲུབ་ཚར་སོང་། དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་གསར་འགོད་པར་བཤད།

    འདི་ནི་གྲི་དངོ་ནང་ལ་གཏད་པའི་བརྒྱུད་རིམ་བསྐྱར་སྒྲིག་སྟེ། སྟབས་བདེའི་ལས་སྒོ་18“ལག་ཁྱེར་གཅིག་སྒྲུབ”མངོན་འགྱུར་བྱུང་ནས། འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་དང་རྒྱུགས་ལེན་སྔོན་མངགས་སོགས་གཉེར་མང་བའི་ལས་སྒོ་ཁག་36དྲ་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད། རེ་ཞུའི་དཔྱད་ཡིག“བཞི་ཉུང་འཕྲི་”དང་། ལས་སྒོ་ཁུ་བསྡུ་ཁག་7སྐར་མ་ལྔའི་ནང་སྒྲུབ་ཚར་བ། འཁོར་རིགས་དོ་དམ་ལས་སྒོ་ཁག་3གྱི་སྒྲུབ་ཡུན་ཐུང་དུ་གཏོང་བ་བཅས་བྱས་པས། མང་ཚོགས་ཀྱིས་བྱ་བ་སྒྲུབ་པའི“དུས་ཚོད”ཆ་སྙོམས་60%ཡན་ཐུང་དུ་ཕྱིན་ཡོད།

    “དང་ཐོག་ང་ཚོ་ཡང་སྐྲག་གི་འདུག”ཅེས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འཁོར་རིགས་དོ་དམ་སུའོ་ཡི་སུའོ་ཀྲང་ཁྲེན་ལི་ཁུན་གྱིས“ཆད་རུང་བདག་སྤྲོད”བྱེད་སྐབས་ཀྱི་སེམས་ཁྲལ་བཤད། “དཔྱད་གཞི་ཉུང་དུ་ཕྱིན་ཚེ་ཞིབ་དཔྱད་བྱེད་སྐབས་ཧ་ཅང་གཟབ་གཟབ་བྱེད་དགོས་ཀྱི་འདུག ལས་རིམ་ཉུང་དུ་ཕྱིན་ཚེ་ནོར་འཛོལ་ཤོར་བའི་ཉེན་ཁ་མང་དུ་འགྲོ་གི་འདུག རྗེས་སུ་ང་ཚོས་སྤྱོད་ཚུལ་ལེགས་སུ་བཏང་བ་དེ་མི་དམངས་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱེད་དགོས”ཞེས་བཤད། ཁོང་གིས་ཚོམས་ཆེན་ནང་ཕར་འགྲོ་ཚུར་འོང་བྱེད་མཁན་མི་ཚོགས་ལ་བལྟས་ཏེ། “ང་ཚོའི་ལས་ཀ་ཉུང་དུ་གཏོང་ཆེད་མི་སེར་ཚོ་ཡར་རྒྱུག་མར་རྒྱུག་གཏན་ནས་བྱེད་དུ་འཇུག་མི་རུང”ཞེས་བཤད།

    གཙོ་གནད་གཤམ་སྒྱུར། དབང་ཆ་གཤམ་སྤྲོད་བྱས་ནས་ཞབས་ཞུ་ལེགས་སུ་བཏང་བ།

    སྤྱོད་ཚུལ་ལེགས་སུ་གཏོང་བའི་འགག་རྩ་ནི་རིམ་པ་གོང་འོག་གི་འགོག་རྐྱེན་མེད་པར་བཟོས་ནས་བཅོས་སྐྱོང་གི་ཐོན་ཁུངས་མང་ཚོགས་དང་ཐག་ཉེ་ཤོས་སར་བཀོད་སྒྲིག་བྱ་རྒྱུར་ཐུག་ཡོད།

    “རྒྱུགས་ཚན་དང་པོ་ད་ལྟ་འགོ་འཛུགས་རྒྱུ་ཡིན”ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་འཁོར་གཏོང་རྒྱུགས་ལེན་ལྟེ་གནས་ཀྱི་གློག་རྡུལ་གསལ་བརྡའི་སྒྲ་གྲགས་པ་དང་བསྟུན་ནས། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་བྱིས་བརྡ་མནན་ནས་དྲི་བར་ལན་འདེབས་འགོ་ཚུགས། གློག་ཀླད་འཆར་ཤེལ་ངོས་སུ་སྐར་གྲངས་91མངོན་སྐབས། དཔལ་འབར་རྫོང་སྟེང་ཁ་གྲོང་ཚོ་ནས་ཡོང་བའི་ཚེ་དབང་བཀྲ་ཤིས་གཞི་ནས་བློ་བདེ་པོ་བྱུང་བ་རེད། ཁོང་གིས་རང་ཁྱིམ་ནས་ཐོན་ཏེ་ཆུ་ཚོད་ཕྱེད་ཀ་ལས་འགྲོ་མི་དགོས་པའི་རྒྱུགས་རར་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་གཏོང་ཐུབ་པ་ནི་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། དེ་སྔོན་ཡིན་ན། ཁོང་གིས་དགོངས་པ་ཉིན་གསུམ་ཞུས་ནས་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་སར་ཡོད་པའི་ཆབ་མདོ་གྲོང་ཁུལ་དུ་ཡིག་རྒྱུགས་གཏོང་བར་འགྲོ་དགོས་ཀྱི་ཡོད།

    ད་ཆ། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ལས་སྒོའི་དབང་ཚད་ཁག་18གཤམ་སྤྲོད་བྱས་པས། རྫོང་8ཀྱི་མང་ཚོགས་ཀྱིས་ཐག་ཉེ་ས་ནས་རྒྱུགས་ཚན་དང་པོ་དང་སྐར་གྲངས་ཆ་ཚང་གི་སློབ་གསོར་ཞུགས་ཆོག་པ་དང་། དཔའ་ཤོད་དང་སྟེང་ཆེན་གྱིས་རྐུབ་བཀྱག་9མན་གྱི་རླངས་འཁོར་གསར་པའི་ཐོ་འགོད་ལས་སྒོ་རྒྱ་སྐྱེད་བཏང་བ། འཇོ་མདའ་དང་སྨར་ཁམས་སོགས་རྫོང་5རུ་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ཚད་ལེན་གྱི་ལས་སྒོ་གཉེར་ཆོག་པ་བཅས། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་རུ་དཔོན་ལི་ཤིན་ཧུའུ་ཡིས་གསར་འགོད་པར“དབང་ ཚད་གཤམ་སྤྲོད་བྱས་ཀྱང་ཚད་གཞི་དམའ་རུ་གཏོང་མི་རུང་། ང་ཚོས་དུས་བཀག་ཞིབ་བཤེར་མཐའ་འཁྱོངས་བྱས་ནས། ཐག་རིང་རྫོང་ཁག་གི་སུའོ་ཡི་ཞབས་ཞུའི་སྤུས་ཚད་ཆབ་མདོ་གྲོང་ཁུལ་དང་གཅིག་མཚུངས་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    དེར་བརྟེན། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས། “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”རོགས་སྐྱོར་མངགས་གཏོང་གི་ལམ་སྲོལ་བཙུགས་པ་དང་། གྲོང་ཁུལ་གྱི་ལས་སྒོའི་རྐང་འཛིན་པ་དུས་བཀག་ལྟར་རྫོང་གི་སུའོ་ཡི་བཅའ་སྡོད་བྱ་ཡུལ་དུ་བསྐྱོད་དེ། གཅིག་གཏད་གཅིག་གིས་བཀོལ་སྤྱོད་བྱེད་སྟངས་སློབ་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་ཉམས་མྱོང་བརྒྱུད་སྤྲོད་བྱེད་ཀྱི་ཡོད། ལི་ཤིན་ཧུའུ་ཡིས“རྫོང་ནང་གི་བློ་མཐུན་རྣམས་གཤམ་དུ་བཏང་རྗེས་གཅིག་པུར་འབད་འཐབ་བྱེད་པའི་སྣང་བ་སྟེར་མི་རུང”ཅེས་བཤད།

    མི་རྩ་བར་འཛིན་པ། བཙན་ཐབས་ལམ་ལུགས་ཁྲོད་ཀྱི་མི་ཆོས་ལྡན་པའི་སེམས་ཁུར།

    ལས་སྒྲུབ་ཚོམས་ཆེན་ནི་དྲོ་སྐྱིད་ཚོར་སའི་འཐབ་ས་མདུན་མ་དེ་ཡིན། འདིར་མངོན་གསལ་དོད་པའི“ཐོགས་མེད་འགྲོ་ལམ”གྱི་མཚོན་རྟགས་བཙུགས་ཡོད་པ་དང་། དེའི་རྒྱབ་ཏུ་འདུས་པ་ནི་རྒན་རྒོན་དང་། སྦྲུམ་མ། དབང་པོ་སྐྱོན་ཅན་། དམག་མི་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་པའི་སྔོན་ཐོབ་ཞབས་ཞུའི་ལམ་སྲོལ་ཆ་ཚང་ཞིག་ཡིན། དེ་སྟབས་བདེ་པོའི་སྒོ་ནས“བང་བསྒྲིགས་པ”ཙམ་མ་ཡིན་པར། ཆེད་མངགས་ཀྱི་སྣེ་ཁྲིད་པས་རེའུ་མིག་སྐོང་བ་ནས་སྤྲོད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོརགཉེར་རོགས་བྱེད་ཀྱི་ཡོད་པ་རེད།

    ལས་སྒོ་སྒྲུབ་མཁན་མང་བའི་སྐབས་ཀྱི“སྐབས་སྒྱུར”སྣང་ཚུལ་ལ་ཕྱོགས་ཏེ། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཡིག་ཐོག་ཏུ་འཁོད་མེད་པའི“བབ་བསྟུན་ལས་ཀའི་ལམ་ལུགས”ཁྱབ་གདལ་བཏང་ཡོད་དེ། སྐར་ཁུང་གི་ལས་སྒོ་བདག་གཉེར་བྱེད་མཁན་སྔ་སྣུར་དུ་ལས་གནས་སུ་ཡོང་བ་དང་ལས་ཀ་གྲོལ་བའི་དུས་ཚོད་ནར་འགྱངས་བྱས་ཏེ། ཉིན་དེའི་ལས་ཀ་ཉིན་དེར་སྒྲུབ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། “མང་ཚོགས་ཁག་གཅིག་ཐག་རིང་ནས་ཡོང་བ་དང་། ལྷག་པར་དུ་ལས་བྲེལ་ཆེ་བའི་ཞིང་འབྲོག་པའི་སྤུན་ཟླ་དག་མཐོང་སྐབས། ཁོ་ཚོའི་དོན་དག་དུས་ཐོག་ཏུ་སྒྲུབ་ཐུབ་ནས་ཡུན་རིང་སྒུག་མ་དགོས་ན། ང་ཚོ་ལས་ཀ་གྲོལ་བའི་དུས་ཚོད་ཆུ་ཚོད་གཅིག་གཉིས་འགྱངས་ནའང་སྐྱོན་མི་འདུག དེ་ནི་ང་ཚོས་ལས་གནས་བརྟན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་ཀའི་དོན་སྙིང་ཡིན། ལས་དུས་འཕར་མ་བྱེད་པ་ནི་ལས་གནས་འདིའི་ངོས་ནས་བརྗོད་ན་རྒྱུན་རྣམ་ཞིག་ཡིན་མོད། འོན་ཀྱང་དེ་བྱེད་རིན་ཡོད་པ་ཞིག་རེད”ཅེས་ཕྱོགས་བསྡུས་ལས་སྒོ་བདག་གཉེར་བྱེད་མཁན་བསོད་ནམས་དབང་འདུས་ཀྱིས་བཤད།

    སྤྱོད་ཚུལ་འཛུགས་སྐྱོང་ནི་ཉིན་གཅིག་ལ་སྒྲུབ་ཐུབ་པའི་བྱ་བ་ཞིག་ཡེ་ནས་མ་ཡིན། ནམ་ཡང་རྫོགས་མཐའ་མེད་པའི་སྤྱོད་ཚུལ་འཛུགས་སྐྱོང་གི་ལམ་བུའི་ཐོག་ཁོང་ཚོས་བཞག་པ་ནི་མངོན་གསལ་དོད་པའི་གྲངས་གཞི་ཙམ་མ་ཡིན་པར། དེ་བས“མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་བྱ་བ་དངོས་སྒྲུབ་པའི”རྗེས་ཤུལ་ཞིག་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།