དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་ཆུ་མཉམ་དུ་སྦྲེལ། འབྱུང་འགྱུར་མཉམ་དུ་གཏོད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡུས་ཏུན་ཧའེ།   |     སྤེལ་དུས།  2026-02-12

    ད་ལོའི་ཟླ་2ཚེས་10ཉིན་ནི་ཀྲུང་ནིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། 1971ལོར་དངོས་སུ་ཕྱི་འབྲེལ་བཙུགས་པ་ནས་2005ལོར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་། དེ་ནས་2024ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པས་ཀྲུང་ནིའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ལོ་55ཡི་རིང་། ཀྲུང་ནི་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས་མཉམ་འབྲེལ་ཡར་ཐོན་དང་མཉམ་ལས་གཉིས་ཁེའི་ལམ་བུའི་ཐོག་བསྐྱོད་ཡོད།

    ཀྲུང་ནི་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་ཡིད་ཆེས་དང་རོགས་རེས་བྱེད་པའི་གྲོགས་པོ་ཡག་པོ་ཞིག་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཕྱོགས་གཉིས་པོའི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་དབར་འགྲོ་འོང་བྱེད་རྒྱ་ཆེ་རུ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་བརྟན་དུ་བཏང་ནས། ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་། ཞི་བདེ་བརྟན་ལྷིང་། སྤྱི་ཚོགས་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཐད་འབད་བརྩོན་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་ཡང་རྒྱབ་སྐྱོར་བྱས་ཡོད།

    ཀྲུང་ནི་རྒྱལ་ཁབ་གཉིས་པོ་ནི་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ་ཡག་པོ་ཞིག་རེད། ཀྲུང་ནིའི་དབར་དཔལ་འབྱོར་གྱི་ལེགས་ཆ་དང་དགོས་མཁོ་ཕན་ཚུན་གསབ་རེས་དང་དངོས་སྒྲུབ་མཉམ་ལས་ལ་མཉེན་ཤུགས་དང་གསོན་ཤུགས་ཀྱིས་ཁེངས་ནས་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། བཟོ་སྐྲུན་ལས་རིགས། རྨང་གཞིའི་སྒྲིག་བཀོད། ཤེས་ལྡན་པ་གསོ་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ལའེ་ཅི་ཆུ་ཟབ་གྲུ་ཁ་དང་། ཙུང་ཀེ་ལུའུ་ཆུ་ཤུགས་གློག་ཁང་། AKKརང་བྱུང་སོལ་རླངས་མདོང་ལམ། ཨབ་ཅཱ་ཆུ་མཁོ་སྤྲོད་རྣམ་གྲངས་ཆེ་གྲས་སོགས་མཚོན་རྟགས་རང་བཞིན་གྱི་མཉམ་ལས་རྣམ་གྲངས་རབ་དང་རིམ་པས་ནི་ཀྲེ་རི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། 2025ལོར་ཀྲུང་ནི་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་280ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་28%ལྷག་ཙམ་འཕར་བ་དང་། ཀྲུང་གོས་ནི་ཀྲེ་རི་ཡར་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་6.9བཏང་བ་དེ་དུས་མཚུངས་ལས་103%འཕར་བ་རེད།

    ཀྲུང་ནི་རྒྱལ་ཁབ་གཉིས་པོ་ནི་དམངས་སེམས་གཅིག་ཏུ་འབྲེལ་བའི་སྤུན་ཟླ་ཡག་པོ་ཞིག་རེད། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་ངོ་མཚར་ཆེ་བའི་རྣམ་པ་ལྡན་པས་སློབ་གསོ་དང་། རིག་གནས། སྒྱུ་རྩལ། གཞོན་ནུ། བུད་མེད་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཕྱོགས་གཉིས་པོས“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”དང་།“ཀྲུང་ནིའི་གློག་བརྙན་དུས་ཆེན” “ཀྲུང་ནིའི་རིག་གནས་དང་ཡུལ་སྐོར་དུས་ཆེན”སོགས་སྤུས་རྟགས་བྱེད་སྒོ་རབ་དང་རིམ་པ་ཐུན་མོང་ཐོག་སྤེལ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡོང་བར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་གཅིག་མཐུན་དང་། བརྩེ་སེམས་གཅིག་སྒྲིལ། སྟོབས་ཤུགས་མཉམ་འདོན་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། ཀྲུང་ལུགས་གསོ་རིག་དང་དྲག་རྩལ་ལ་ནི་ཀྲེ་རི་ཡར་དགའ་བསུ་ཆེན་པོ་ཐོབ་པ་དང་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་དེ་དགའ་མོས་སུ་གྱུར་ནས་ཀྲུང་གོར་སློབ་སྦྱོང་བྱེད་མཁན་ནི་ཀྲེ་རི་ཡའི་ཕྱི་སྦྱོང་སློབ་མ་ལོ་མང་བསྟུད་མར་མི་5000ལས་བརྒལ་ཡོད།

    ཤེས་དཔལ་སྤེལ་རེས་དང་སྦྱོང་རེས་བྱེད་པ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛད་མེད་ཀྱི་སྒུལ་ཤུགས་ཤིག་རེད། ཀྲུང་ཧྭའི་ཤེས་དཔལ་ལོ་ངོ་ལྔ་སྟོང་རིང་རྒྱུན་མ་ཆད་པར“མཛེས་སྡུག་མཉམ་སྤྱོད་དང་གནམ་འོག་འཆམ་མཐུན”གྱི་བློ་གྲོས་ཆེན་པོ་གསོ་སྐྱོང་བྱས་ཡོད། ནི་ཀྲེ་རི་ཡའི་སྣ་མང་མི་རིགས་རིག་གནས་མཉམ་འདྲེས་བྱུང་ནས“སྣ་མང་གཞི་གཅིག་དང་འཆམ་མཐུན་མཉམ་གནས”ཀྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་གཏོད་ཡོད།“བསྟུན་ཡང་གཅིག་མཚུངས་མི་བྱེད་པ་དང་བསྟུན་མཁས་མཉམ་གནས”ཀྱི་སྙིང་སྟོབས་དང་རིག་གནས་ཀྱི་ནང་དོན་ནི་རྒྱལ་ཁབ་གཉིས་པོའི་རྒྱུན་རིང་འདྲིས་པའི་མཛའ་གྲོགས་ཀྱི་རྨང་གཞི་བརྟན་པོ་ཞིག་རེད། འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ཀྲུང་ནི་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་རི་ཆུ་སྒྲོལ་བའི་མཛའ་གཅུགས་ཟབ་མོ་བཏོད་དེ་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་ནས་ལྷོ་ལྷོ་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་མིག་དཔེ་བཏོད་ཡོད།

    ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བ་དང“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ”ཞིག་རེད། ཀྲུང་ནི་རྒྱལ་ཁབ་གཉིས་པོས་དེ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་བྱས་ནས་ལག་གདང་སྦྲེལ་ཏེ་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཀྲུང་ནིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་རྣམ་པ་གསར་པ་གཏོད་པ། འཛམ་གླིང་མི་དམངས་ལ་སྤྱི་སྙོམས་ཆེན་པོ་སྐྲུན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཡོད།

    (རྩོམ་པ་པོ་ནི་ནི་ཀྲེ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།