ཁང་པ་གསར་པར་སྣང་བ་སྐྱིད་པོའི་ངང་ལོ་གསར་གཏོང་བ།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གྲོང་གི་ཁང་པ་གསར་པ་ཡུག་ཅིག་གི་ཁྲོད་དུ་གྲོང་མི་ཆོས་བཟང་གིས་ལོ་གསར་གྱི་གྲ་སྒྲིག་བྱེད་བཞིན་ཡོད། ཁང་པའི་ནང་གི་རྒྱ་ལྕོག་སྟེང་ཁ་ཟས་དང་ཞལ་ཏོག་སྣ་མིན་སྣ་ཚོགས་སྒྲིག་གཤོམ་བྱས་པས། ལོ་གསར་གྱི་རྣམ་པ་ཟབ་མོ་མངོན་བཞིན་ཡོད།
“ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། ང་ཚོས་ཁང་པའི་མདོ་སྦུག་ཚང་མར་གད་ཕྱིས་གཙང་མ་བྱས་ནས་སྣང་བ་སྐྱིད་པའི་ལོ་གསར་ཞིག་གཏོང་རྩིས་ཡོད”ཅེས་ཁོང་གིས་བརྗོད།
ཆོས་བཟང་གི་ངོས་ནས་བརྗོད་ན། 2025ལོ་ནི་འགྱུར་ལྡོག་ཧ་ཅང་ཆེ་བའི་ལོ་ཞིག་རེད།
ལོ་འགོར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པའི་དབང་གིས་ཁོང་གནས་སའི་ཆུ་ཁུ་གྲོང་ཚོའི་སྡོད་ཁང་ཚང་མ་ཐོར་ཞིག་ཏུ་སོང་བས། སྐབས་ཤིག་རིང་ནང་མི་ཚང་མ་གེགས་སེལ་ཁང་པའི་ནང་སྡོད་དགོས་བྱུང་སྟེ་འཚོ་བའི་ཁ་ཕྱོགས་འཛོལ་བར་གྱུར།
སྟབས་ལེགས་པ་ཞིག་ལ། ས་ཡོམ་བརྒྱབ་རྗེས་ཆུ་ཁུ་གྲོང་ཚོ་ཧྲིལ་པོ་གནས་སྤོའི་འཆར་གཞིར་སྐུལ་འདེད་མགྱོགས་པོ་བཏང་བས་ཁོང་ལྷ་རྩེ་རྫོང་གྲོང་དུ་གནས་པའི་བཀོད་སྒྲིག་ས་ཚིགས་གསར་པར་ཐད་ཀར་སྤོ་ཐུབ་ཡོད།
སྔོན་མའི་ཁོང་གི་ཁྱིམ་དང་བསྡུར་ན་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པ་སྟེ། སྔོན་ཆད་ཀྱི་ཆུ་ཁུ་གྲོང་ཚོ་རྒྱ་མཚོ་ལའི་རྒྱུད་དུ་གནས་པ་དང་། དེ་གའི་ཁང་པ་གོག་ཧྲུལ་ཆེ་བ་མ་ཟད། ད་དུང་རྫོང་གྲོང་དང་བར་ཐག་རིང་པོ་ཡོད་པའི་དབང་གིས་གྲོང་ཚོའི་འཕེལ་རྒྱས་ལ་ཚོད་འཛིན་ནན་པོ་ཕོག་ཡོད། ད་ཆའི་བོད་བཟོའི་ཁང་པ་གསར་པ་ལྷ་རྩེ་རྫོང་གི་གཡང་ཕུ་ལམ་དུ་གཞིས་ཆགས་ཡོད་པ་དང་། ཁང་པའི་ཕྱི་ནང་གི་བཀོད་པ་ལེགས་པ་མ་ཟད། སྔོན་མ་ལྕི་བ་བུད་ཤིང་བྱས་ནས་དྲོ་ཇུས་་བྱེད་ཐབས་དེ་ཉི་ནུས་ཀྱི་དྲོད་ལེན་ཐབས་སུ་གྱུར་པ་དང་རིག་ནུས་ཅན་གྱི་སྡེ་ཁུལ་འཛུགས་སྐྱོང་ལག་ལེན་བསྟར་ཡོད་པ་རེད། དེའི་ནང་རླངས་འཁོར་འཇོག་ས་དང་བདེ་འཇགས་འགོག་སྲུང་སོགས་ཀྱི་རྣམ་གྲངས་ཚུད་ཡོད་པས་ཁང་པའི་ཡོམ་འགོག་རིམ་པ་8ཡན་ཟིན་གྱི་ཡོད།
བཟའ་ཟླ་ཕུན་ཚོགས་ཚེ་རིང་ཞོགས་པ་རྐང་ཐང་མར་རྫོང་གི་ཚན་པར་ལས་ཀར་འགྲོ་གི་ཡོད། འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་འོག་ཁོང་ལ་རྫོང་གི་དངུལ་ཁང་ནས་བདེ་སྲུང་བའི་ལས་ཀ་ཞིག་རག་ཡོད།
ད་ཆ་བ་ཕྱུགས་དང་ལུག་མཉམ་ལས་ཁང་གིས་གཅིག་གྱུར་དོ་དམ་བྱེད་ཀྱི་ཡོད་པས་ཡོང་འབབ་གསོག་པར་དེ་བས་སྟབས་བདེ་པོ་འདུག “ཉིན་ལྟར་ཨ་ཅེ་དང་ཕྲུ་གུ་མཉམ་དུ་འཚོ་བ་སྐྱེལ་རྒྱུ་འདུག་པས་དངོས་འབྲེལ་སྐྱིད་པོ་འདུག”ཅེས་ཁོང་གིས་བརྗོད།
ཉེ་འགྲམ་དུ་ད་དུང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུཊ་སྐྲུན་གྱི་རྣམ་གྲངས་ཁག་གཅིག་ཡོད་པས་ཆོས་བཟང་གིས་དུས་ངེས་མེད་དུ་དེ་གར་ཨར་པོ་རྒྱུག་པར་འགྲོ་གི་ཡོད། ཁང་པ་གསར་པའི་ཉེ་འགྲམ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཀྱིས་གནས་སྤོའི་མང་ཚོགས་ཀྱི་ལས་ཞུགས་སྔོན་ལ་ཐག་གཅོད་བྱེད་ཀྱི་ཡོད་པས་ཆོས་བཟང་གིས་ཁྱིམ་གྱི་སྒོ་ཁར་ལས་ཀ་བྱེད་རྒྱུ་བྱུང་ཡོད།
ད་ཆ་ཨར་པོ་རྒྱུག་པ་དང་མཉམ་སྡེབ་དཔལ་འབྱོར་བསྡོམས་ན་ཆོས་བཟང་ཁྱིམ་གྱི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་བརྒྱད་དགུ་ཟིན་གྱི་ཡོད།
“མིག་སྔར་ཆུ་ཁུ་གྲོང་ཚོའི་སྡོད་ཁང་གསར་པ་རག་པའི་དུད་ཁྱིམ་18ཀྱི་ཡུལ་མི་82ཚང་མ་ཁང་པ་གསར་པའི་ནང་སྤོས་ཟིན་ཡོད། ཁོང་ཚོ་ཁང་པ་གསར་པའི་ནང་སྣང་བ་སྐྱིད་པོ་ཡོང་བ་མ་ཟད། ལས་བརྩོན་ཡོང་བའི་རེ་བ་ཡོད”ཅེས་ལྷ་རྩེ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཨེ་ཧའེ་ཤིན་གྱིས་བརྗོད།
ཆོས་བཟང་ཁྱིམ་གྱི་ནང་མི་ལྔ་པོ་ཁང་པ་གསར་པའི་ནང་གཞིས་ཆགས་ནས་དགའ་སྤྲོ་འཆམ་མཐུན་གྱི་འཚོ་བ་སྐྱེལ་བཞིན་ཡོད། ཆོས་བཟང་གིས་འབྱུང་འགྱུར་འཚོ་བར་རེ་སྒུག་གིས་ཁེངས་བཞིན“དཀའ་སྤྱད་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་དུ་བརྗོད།
འབྲེལ་ཡོད་གསར་འགྱུར།