ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ལ་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།
རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་དང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ།
ཚའེ་ཆི་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

ཟླ་2ཚེས་9དང་ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་གནང་བ་དང་འབྲེལ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་གྲོང་ཤར་ཁུལ་གྱི་ལུང་ཧྥུའུ་དགོན་ཁྲོམ་གཞུང་དུ་རྟོག་ཞིབ་གནང་སྐབས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། སྤུན་ཟླ་ཤང་ཀང་བ། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་བཞིན་པ།

ཟླ་2ཚེས་9དང་ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་གནང་བ་དང་འབྲེལ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་གྲོང་ནུབ་ཁུལ་གྱི“ཝུའུ་ལའོ·ཁྲོམ་གཞུང་གསར་པའི”རྒན་གསོའི་ཞབས་ཞུའི་ཁྲོམ་གཞུང་གི་རྒན་རྒོན་སྤྱི་ཤག་ཏུ་རྟོག་ཞིབ་གནང་སྐབས་རྒན་རྒོན་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་གནང་བ་དང་འབྲེལ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། སྤུན་ཟླ་ཤང་ཀང་བ། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱལ་ཁབ་ཕྱི་ནང་དུ་ཡོད་པའི་ཀྲུང་ཧྭའི་བུ་ཕྲུག་རྣམས་ལུགས་རྙིང་རྟ་ལོར་གྱི་ལིང་རྟ་ཡི་སྙིང་སྟོབས་རྒྱས་པ་དང་། སྐུ་གཟུགས་གསལ་ཐང་། བྱ་བ་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུས་པ་དང་རླབས་ཆེན་མེས་རྒྱལ་གྱི་རི་ཀླུང་མཛེས་སྡུག་ལྡན་པ་དང་། ཆར་ཆུ་དུས་སུ་འབབ་པ། དར་རྒྱས་གོང་དུ་འཕེལ་བ། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པ་བཅས་ཀྱི་སྨོན་འདུན་ཞུས་པ་རེད།
ཟླ་2ཚེས་9དང་ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་དང་ཧྲི་ཀྲང་དབྱིན་ཡུང་གི་ཕེབས་རོགས་འོག་ཚན་རྩལ་གསར་གཏོད་གླིང་དང་། རྒན་གསོའི་ཞབས་ཞུའི་ཁྲོམ་གཞུང་། དཔྱིད་གསར་དུས་ཆེན་གྱི་ཚོང་འདུས་བཅས་སུ་རྟོག་ཞིབ་གནང་སྟེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་མཚོན་པར་གནང་བ་རེད།
ཚེས་9ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་པེ་ཅིང་དབྱི་ཀྲོང་དུ་ཡོད་པའི་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གསར་གཏོད་ཐོན་ལས་གླིང་དུ་ཕེབས་ནས་ཆ་འཕྲིན་ལག་རྩལ་གསར་གཏོད་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། མི་ཐབས་རིག་ནུས་དང་འཕྲུལ་མི་སོགས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ཞིབ་ཚགས་གཟིགས་པ་མ་ཟད། ཚན་ཞིབ་པ་དང་ཚན་རྩལ་ཁེ་ལས་ཀྱི་འགན་འཁུར་བའི་འཐུས་མི་དང་སྤེལ་རེས་ཡང་ཡང་གནང་ཞིང་། ཁོང་གིས། དེ་རིང་ཡུལ་དངོས་སུ་སློབ་སྦྱོང་བྱེད་པར་ཡོང་བ་དེས་མིག་རྒྱ་ཡངས་སུ་ཕྱིན་སོང་ལ། དེ་ལ་བལྟས་རྗེས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལ་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང་ཞེས་གསུངས། ཁོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འགག་རྩ་ནི་ཚན་རྩལ་རང་ཚུགས་རང་དར་ལ་ཐུག་ཡོད། པེ་ཅིང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་དེའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས་རྒྱ་ཆེའི་ཚན་རྩལ་ལས་དོན་པས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་དུ་བྱས་རྗེས་འཇོག་པ་དང་བྱ་གཞག་སྐྲུན་དགོས་པའི་སྐུལ་ལྕག་གནང་བ་རེད།
གྲོང་ནུབ་ཁུལ་གྱི་པེ་ཚའོ་ཁྲང་སྲང་ལམ་དུ་གནས་པའི“ཝུའུ་ལའོ་·ཁྲོམ་གཞུང་གསར་པའི”རྒན་གསོའི་ཞབས་ཞུའི་ཁྲོམ་གཞུང་གིས་ཉེ་བའི་ལོ་ཤས་རིང་འགོག་མེད་དང་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་རྒན་རྒོན་ཚོར་སྣ་མང་ཅན་གྱི་རྒན་གསོའི་ཞབས་འདེགས་ཞུས་ཡོད། ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཁྲོམ་གཞུང་གསར་པའི་ཕ་མའི་ཟ་ཁང་དུ་ཕེབས་ནས། ཚལ་རིགས་དང་། རིན་གོང་། ཟ་ཁང་གི་ཁོར་ཡུག་བཅས་ལ་གཟིགས་པ་དང་ཟ་ཁང་གིས་རྒན་གསོའི་བཟའ་བཏུང་ཞབས་ཞུ་སྤེལ་ཚུལ་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། དེ་གར་ངལ་གསོ་བཞིན་པའི་མྱུར་སྐྱེལ་ཕོ་གསར་ཞིག་གཟིགས་སྐབས། ཞི་ཅིན་ཕིང་གིས་ཁོང་ཚོའི་ལས་ཀ་དང་འཚོ་བའི་སྐོར་ལ་ཐུགས་ཁུར་ཟབ་མོས་བཀའ་འདྲི་གནང་སྟེ་ཁོང་ཚོས་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་གནང་བ་རེད། ཁོང་གིས་རྒན་བཀུར་རྒན་གཅེས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པ་དང་རྒན་རྒོན་ལ་གཅེས་སྐྱོང་དང་རོགས་རམ་བྱེད་པ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བྱས་ནས་རྒན་གསོའི་ཞབས་ཞུའི་ཁྱབ་ཁྱོན་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྒན་རྒོན་རྣམས་ལ་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལོངས་སུ་སྤྱོད་རྒྱུ་ཡོང་བར་ཆ་རྐྱེན་དེ་བས་ཡག་པ་ཧུར་ཐག་སྐྲུན་དགོས་ཞེས་གསུངས་པ་རེད།
རྒན་རྒོན་གྱི་སྤྱི་ཤག་ཏུ་ཞི་ཅིན་ཕིང་གིས་རྒན་རྒོན་གྱི་བདེ་ཐང་བརྟག་དཔྱད་དང་། དྲག་སྐྱེད་སྦྱོང་བརྡར། རྒྱུན་གཏན་གྱི་འཚོ་བའི་ལྟ་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཚོམས་ཆེན་ནང་རྒན་རྒོན་ཁག་གཅིག་གིས་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་དང་བཀྲ་ཤིས་སྨོན་ཚིག་འབྲི་བཞིན་ཡོད་ཅིང་། ཞི་ཅིན་ཕིང་ཁོང་ཚོའི་ཁྲོད་དུ་ཕེབས་ནས་བརྩམས་ཆོས་ལ་གཟིགས་ཏེ། ཁོང་ཚོར་རྒས་ཀྱང་དཔའ་སེམས་མི་ཉམས་པ་དང་རྒས་དུས་ལས་ཀ་བྱེད་རྒྱུ་ཡོད་པའི་སྐུལ་ལྕག་གནང་བ་མ་ཟད། ནད་མེད་ཚེ་རིང་དང་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
གྲོང་ཤར་ཁུལ་གྱི་ལུང་ཧྥུའུ་དགོན་ཁྲོམ་གཞུང་དེ་རྣམ་པ་སྲུང་སྐྱོང་དང་གསར་སྒྱུར་སྒྱུར་བཀོད་བྱས་པ་བརྒྱུད་ལས་རྣམ་མང་བའི་རྐང་ཐང་ཁྲོམ་གཞུང་དུ་བསྐྲུན་ཡོད། ཞི་ཅིན་ཕིང་གིས་ཁྲོམ་གཞུང་གི་རྣམ་པར་གཟིགས་ཞིབ་གནང་བ་མ་ཟད་གྲོང་ཁྱེར་གསར་སྒྱུར་བྱས་ཚུལ་གྱི་ངོ་སྤྲོད་ཀྱང་གསན་པ་རེད། ཁོང་ཏའོ་ཤང་གྲོང་ཚོའི་ཏན་ཞིམ་ཚོང་ཁང་ཞིག་ཏུ་ཕེབས་ནས་ཏན་ཞིམ་གྱི་སྣ་ཁ་དང་ཁྱད་ཆོས་མཁྱེན་རྟོགས་གནང་བ་དང་། ཏན་ཞིམ་བཟོ་སྟངས་ལ་གཟིགས་ནས་སྦྱིན་བདག་ལ་པེ་ཅིང་གི་རྙིང་ཁུངས་མིང་ཅན་དེ་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལུགས་རྙིང་གི་ལོ་ཆུང་དང་ཏག་ཏག་འཁེལ་བས། ལུང་ཧྥུའུ་ཐོག་བརྩེགས་ཁང་ཆེན་མདུན་གྱི་དཔྱིད་གསར་དུས་ཆེན་གྱི་ཚོང་འདུས་སུ་གྲོང་མི་དང་ཡུལ་སྐོར་བ་མང་པོ་སླེབས་ཡོད། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ལ་གཟིགས་ཞིབ་གནང་ནས་དེ་གར་ཡོད་པའི་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། ཁོང་གིས་ཚང་མར་རང་ཉིད་ཆུང་དུས་ལུང་ཧྥུའུ་དགོན་པར་ཐེངས་མང་ཕེབས་མྱོང་བའི་སྐོར་ཐུགས་སྣང་གཤིན་པོས་གསུངས་པ་མ་ཟད། ད་དུང་ཁྱད་ལྡན་ཟས་རིགས་དང་རིག་གནས་བསམ་བཀོད་ཐོན་རྫས་ཁ་ཤས་ཀྱང་ཉོས་གནང་བ་རེད།
ཁྲོམ་གཞུང་དུ་འཁྲུག་ཆ་དོད་པའི་ཅིང་ཤིས་རྔ་བྲོ་འཁྲབ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་དེ་གར་ཡོད་པའི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་པེ་ཅིང་གི་གྲོང་མི་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་དེ་རིང་ནི་བྱང་ཕྱོགས་ཀྱི“ལོ་ཆུང”ཡིན་པས། ང་ཆེད་མངགས་ཚང་མ་དང་མཉམ་དུ“ལོ་ཆུང་གཏོང་བ་དང་ལོ་གསར་བསུ་བར”ཡོང་བ་ཡིན། འདི་གར་འཁྲུག་ཆ་དོད་ལ་སྤྲོ་སྣང་གིས་ཁེངས་པ་དང་ལོ་གསར་གྱི་རྣམ་པ་ཟབ་པ་དང་ལོ་གསར་གྱི་མཁོ་ཆས་འབེལ་པོ་ཡོད་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། ལོ་གསར་གཏོང་བ་ནི་མི་སེར་གྱི་ངོས་ནས་བརྗོད་ན་དོན་ཆེན་ཞིག་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ལ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་སྐྱིད་པོ་ཞིག་གཏོང་རྒྱུ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
རྟོག་ཞིབ་གནང་རིང་། ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་མ་ཟད། པེ་ཅིང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཡིན། པེ་ཅིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་དོན་འཁྱོལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནད་སྨིན་དངོས་སྒྲུབ་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔོན་ལ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་འགན་ལེན་གྱིས་རྒྱལ་ཡོངས་ལ་དཔེ་སྟོན་གྱི་ནུས་པ་ཧུར་ཐག་འདོན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། པེ་ཅིང་གིས་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་དང་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ལ་གཞི་ཚུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སྟོན་སྔར་བས་བརྟན་དུ་གཏོང་བ་དང་། འཕར་ཆག་ཡོད་ལ་འགན་སྲུང་དང་གནོན་ཤུགས་ཡོད་པའི་ཁྲོད་དཔལ་འབྱོར་ནུས་ལྡན་གྱིས་སྤུས་ཚད་མཐོར་འདེགས་དང་ལུགས་མཐུན་གྱིས་འབོར་ཚད་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་སེལ་བའི་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“གནད་འགག”དེར་དམ་འཛིན་བྱས་ཏེ། འཕར་ཚད་ཚོད་འཛིན་དང་གསོག་འབོར་སེལ་བ་ཟུང་འབྲེལ་དང་ཕྱོགས་གཉིས་ནས་དམ་འཛིན་མཐའ་འཁྱོངས་ཀྱིས་སེལ་བ་དང་མཐོར་འདེགས་གཅིག་གྱུར་ནུས་ལྡན་དང་ཕན་ཚུན་སྐུལ་འདེད་ཐུབ་པ་བྱེད་དགོས། པེ་ཅིང(ཅིང་ཅིན་ཅི)རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་རྒྱ་ཆེར་གཏོང་བའི་གོ་སྐབས་དམ་འཛིན་བྱེད་པ་དང་། ཐེན་ཅིན་དང་ཧོ་པེ་དང་མཐུན་སྦྱོར་གསར་གཏོད་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ཟབ་ཏུ་དང་ཏན་ཏིག་རྒྱུན་ཆད་མེད་པར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་སྤྱི་འདོམས་བྱས་ཏེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ཡག་པོ་སྤྱད་དེ་རིག་གནས་དང་། ཚོང་དོན། ཡུལ་སྐོར། ལུས་རྩལ། འགྲེམས་སྟོན་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་ཆེན་པོས་པེ་ཅིང་གི་གྲོང་འདབས་ཆེན་པོར་སྐུལ་ཁྲིད་བྱེད་པ་དང་པེ་ཅིང་གི་གྲོང་འདབས་ཆེན་པོས་གྲོང་ཁྱེར་ཆེན་པོར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ་འཕེལ་རྒྱས་དང་། མཉམ་འདྲེས་འཕེལ་རྒྱས། མཐུན་སྦྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བཏང་ནས་རྒྱལ་ཡོངས་ལ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་སྤེལ་གཏོང་ཆོག་པའི་ཉམས་མྱོང་ཁྱབ་གདལ་ཧུར་ཐག་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། པེ་ཅིང་གིས་རྒྱལ་སྤྱིའི་རྩེར་སོན་གྱི་ཞི་མཐུན་གནས་འཕྲོད་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དཔེར་འོས་ཚད་གཞིར་གཞིགས་ནས་གྲོང་ཁྱེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་གྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་དང་འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་དང་། “ཞུ་འབྱོར་འཕྲལ་སྒྲུབ”སོགས་ཀྱི་ལམ་སྲོལ་ཡག་པོ་སྤྱད་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་བརྟན་དུ་གཏོང་བ་དང་སྦགས་བཙོག་དངོས་པོ་གསར་པ་བཅོས་སྒྲིག་དང་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་བྱེད་པར་སྐུལ་འདེད་བཏང་སྟེ། ལྗང་མདོག་ཐཱན་ཉུང་གི་གནས་འཕྲོད་ཁྱིམ་གཞིས་སྐྲུན་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཚན་རྩལ་གྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་བཅོས་སྐྱོང་དེ་བས་ཕན་ནུས་ཆེ་བ་དང་ཞིབ་ཚགས་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངེས་པར་དུ་ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ཀྱི་འཇོན་ནུས་ལ་ཞུན་བརྡར་ཧུར་ཐག་སྤྲོས་དགོས། མི་འདེམས་མི་སྤྱོད་ཀྱི་འགག་སྒོར་དམ་འཛིན་ནན་པོ་བྱས་ཏེ་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་དྲག་འདེམས་ཧྲག་སྒྲིག་བྱེད་དགོས། སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་བྱེད་པའི་དཔུང་ཁག་གི་དེང་རབས་ཅན་འཛུགས་སྐྱོང་གི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་ཁྲིད་སྟོན་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་མུ་མཐུད་ཟབ་ཏུ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། རུལ་སུངས་ཐོན་ས་དང་ཐོན་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་སྐྲུན་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།