དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མེ་འཁོར་ལ་བསྡད་ནས་སྔོ་ཚལ་འཚོང་བར་འགྲོ

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེན་ཧྲོང་།   |     སྤེལ་དུས།  2026-02-11

    ཨ་ཅག་ཝུའུ་ལགས་ཀྱི་མིང་ཆ་ཚང་ལ་ཝུའུ་ཧྲོའུ་ཧྥེང་ཟེར་ཞིང་། ཀུའེ་ཀྲོའུ་ཁའེ་ལི་གྲོང་ཁྱེར་ཝུང་ཏང་གྲོང་ཚོ་ནས་རེད། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས། ཁོང་བྱ་དེ་བཟུང་བ་དང་སྔོ་ཚལ་སོས་པ་སོགས་ཡུལ་ཟོག་གྲ་སྒྲིག་བྱེད་པར་བྲེལ་བཞིན་མཆིས། རྡོག་ཆས་ཡག་པོ་བརྒྱབ་རྗེས་ཝུའུ་ཧྲོའུ་ཧྥེང་གིས་ཅ་ལག་དེ་དག་ཕྲག་རྒྱུག་བརྒྱབ་སྟེ་མེ་འཁོར་ལ་བསྡད་ནས་ཁའེ་ལི་རུ་འཚོང་བར་འགྲོ་ཡི་ཡོད།

    ཝུའུ་ཧྲོའུ་ཧྥེང་གིས་ཀུའེ་དབྱང་ནས་ཡུས་ཕིང་བར་གྱི“དལ་བགྲོད་མེ་འཁོར”ཐེངས་གྲངས་5639/5640ལ་བསྡད་དེ་འབབ་ཚིགས་16བརྒྱུད་དགོས་པ་དང་འབབ་ཚིགས་གང་དུ་སླེབས་རིམ་བཞིན་མེ་འཁོར་ཁ་བཀག་གི་ཡོད་ལ། སྤ་སེའི་རིན་གོང་དམའ་ཤོས་སྐབས་སུ་སྒོར་ཁ་ཤས་ལས་འགྲོ་ཡི་མེད།

    “སྔོན་མ་དལ་བགྲོད་མེ་འཁོར་མེད་པའི་སྐབས་སུ་ང་ཚོས་ཚལ་རྒྱ་མ་100ལྷག་ཙམ་ཁུར་ནས་ཆུ་ཚོད་གཅིག་གཉིས་རི་ལམ་འགྲིམ་རྗེས་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་བསྡད་དེ་གྲོང་རྡལ་དུ་འཚོང་བར་འགྲོ་ཡི་ཡོད། ཁྲོམ་རར་སླེབས་སྐབས་ཚལ་ཚང་མ་རྙིད་ནས་གོང་དེ་ཙམ་ཡག་པོ་རག་གི་མི་འདུག”ཅེས་ཝུའུ་ཧྲོའུ་ཧྥེང་གིས་བཤད།

    མེ་འཁོར་འགོ་འཛིན་ཧུའུ་ཀུའེ་ཁྲོན་དང་ལྕགས་ལམ་ལས་དོན་པ་གཞན་དག་གིས་ཚུགས་སྟེགས་སུ་ཡོང་ནས་ཡུལ་མི་སྤུན་ཟླ་ཚོ་མེ་འཁོར་ནང་ཕྲག་རྒྱུག་བརྒྱབ་ནས་འཛུལ་བར་རོགས་རམ་བྱེད་པ་དང་། ཝུའུ་ཧྲོའུ་ཧྥེང་གིས་དམིགས་བསལ་གྱི“གྲོང་གསེབ་ཀྱི་ཚོང་འདུས”ཀྱི་འཁོར་སྒྲོམ་ནང་ཕྲག་རྒྱུག་ཕབ།

    ཡུལ་མི་སྤུན་ཟླ་ཚོ་ལམ་རྒྱུད་དུ་ཚོང་རྒྱག་པར་སྟབས་བདེ་སྐྲུན་ཆེད། ལྕགས་ལམ་སྡེ་ཚན་གྱིས་ཆེད་མངགས་འཁོར་སྒྲོམ་འདི་སྒྱུར་བཀོད་བྱས་ཤིང་། རྐུབ་སྟེགས་གྲུ་བཞི་ཁ་ཤས་བཤིག་ནས་རིང་པོ་བཟོས་ཏེ་སྔོ་ཚལ་དང་ཡུལ་ཟོག་གྲལ་བསྟར་འགྲིག་པོས་འཇོག་པར་སྟབས་བདེ་བསྐྲུན་ཡོད་པས་འགྲོ་འོང་བྱེད་མཁན་འགྲུལ་པས་ཀྱང་ཉོ་ཐུབ་ཀྱི་ཡོད།

    ཡུལ་མི་སྤུན་ཟླ་ཚོའི་སི་རའི་ནང་སྔོ་ཚལ་དང་། བྱ་དེ། ཡཱ་ཙེ། ཉ་སོགས་ཡུལ་ཟོག་གང་དགོས་ཅི་དགོས་ཡོད་པའི་ཁར་འགའ་རེའི་སྟེང་དུ་ས་དང་ཟིལ་པའང་སྔར་བཞིན་གནས་ཡོད་པ་དང་། ཕྲག་རྒྱུག་རྣམས་གྲལ་བསྟར་འགྲིག་ལ་ཁམས་གཙང་བ་ཞིག་ཡོད།

    “འཁོར་སྒྲོམ་གསུམ་པའི་ནང་རིན་གོང་ཁེ་བའི་སྔོ་ཚལ་སོས་པ་འཚོང་གི་ཡོད་པས་ལྷན་རྒྱས་ནས་གཟིགས་པར་ཕེབས་རྒྱུར་དགའ་བསུ་ཞུ”ཞེས་མེ་འཁོར་གྱི་རྒྱང་བསྒྲགས་ནས་གསལ་བརྡ་བཏང་མ་ཐག་ཧུའུ་ཀུའེ་ཁྲོན་གྱིས་སེམས་རྩ་འཁོལ་པོས་འགྲུལ་པ་རྣམས་ཝུའུ་ཧྲོའུ་ཧྥེང་གི་ཚལ་ཡོད་སར་འཁྲིད་ནས“གཟིགས་དང་། བྱ་དེ་འདི་གང་འདྲ་འདུག་གམ། རྒྱ་མ་བཅུ་ལྷག་ཙམ་ཡོད་བཟོ་འདུག ཕ་ཡུལ་དུ་རང་དགར་གློད་ནས་གསོས་པ་ཞིག་རེད”ཅེས་བཤད།

    ཧུའུ་ཀུའེ་ཁྲོན་གྱིས་སྟབས་བདེའི“ཚལ་ཁྲོམ”དེར“དོ་དམ”བྱེད་ཀྱི་ཡོད་པ་དང་། ཁོང་ནི་འདི་གའི“ཚོང་རྒྱག་མཁན་རྩེ་གྲ”ཞིག་དང་ཡུལ་མི་སྤུན་ཟླ་ཚོའི“སྐད་སྒྱུར་བ་དང་པོ”དེ་རེད། ཁོང་གིས་མེ་འཁོར་ཐོག་ངང་རྒྱུད་རིང་པོས་འགྲེལ་བཤད་དང་ངོ་སྤྲོད་བྱས་ཏེ་ཡུལ་མི་སྤུན་ཟླ་ཚོའི་ཅ་ལག་ལ་གོང་ཡག་པོ་རག་ཐབས་བྱེད་ཀྱི་ཡོད། ལས་ཀ་དེ་བལྟས་པ་ལྟར་གྱི་ལས་སླ་པོ་ཞིག་གཏན་ནས་མེད་ཀྱང་ཁོང་གིས་རྒྱུན་འཁྱོངས་བྱས་ནས་ལོ་10ཏག་ཏག་འགྲོ་ཡི་ཡོད།

    མེ་འཁོར་འབབ་ཚུགས་སུ་སླེབས་པ་དང་ཆབས་ཅིག་ཝུའུ་ཧྲོའུ་ཧྥེང་ལའང་འགོ་ཚོང་རག་ཡོད། “ངས་ཐེངས་མང་པོ་ཉོ་མྱོང” “ཨ་ཅག་ཝུའུ་ལགས་ཀྱི་ཚལ་ནི་ཁྱིམ་ལུད་བརྒྱབ་ནས་བཏབ་པས་སོས་པ་འདུག ནང་མི་ཚོས་ཀྱང་ཁོང་གིས་བཏབ་པའི་པོ་ཚལ་ཟ་རྒྱུར་དགའ་པོ་བྱེད་ཀྱི་འདུག”ཅེས་ཚོང་ཤག་རྙིང་པ་ཞིག་གིས་འཛུམ་དམུལ་དམུལ་ངང་བཤད།

    ཚོང་རྒྱག་སྐབས་དྲང་པོ་དྲང་གཞག་བྱས་པས་ཝུའུ་ཧྲོའུ་ཧྥེང་གི“ཡུལ་ཟོག”ལའང་དགའ་པོ་བྱེད་མཁན་ཧ་ཅང་མང་བ་དང་། ཡུད་ཙམ་རིང་ལ་སྔོ་ཚལ་དང་བྱ་དེ་སོགས་ཚང་མ་བཙོངས་ཟིན་ནས་ཡོང་འབབ་སྒོར་200ལྷག་ཙམ་རག་པས། མ་གཞི་ནས་སེམས་བག་ཡངས་བའི་ཁོང་དེ་བས་ཀྱང་སྤྲོ་སྣང་དོད་པར་གྱུར།

    ཚལ་བཙོངས་ཟིན་རྗེས་ཝུའུ་ཧྲོའུ་ཧྥེང་གིས་ཚོང་འདུས་སུ་སྐོར་བ་ཡུད་ཙམ་བརྒྱབ་སྟེ་ཆ་ཡིག་གཅིག་དང་། སྟོད་གོས་གསར་པ་ཞིག དཔེ་ཁུག་གསར་པ་ཞིག་བཅས་ལོ་གསར་གྱི་མཁོ་ཆས་ཉོས།

    ཕྱི་དྲོའི་ཆུ་ཚོད་4པ་ཡས་མས་སུ་ཡུལ་མི་སྤུན་ཟླ་ཚོ་ཕྱིར་ལོག་པའི་དལ་བགྲོད་མེ་འཁོར་ལ་བསྡད། སི་རའི་ནང་ཉོ་ཆ་མང་པོ་བརྒྱབ་ཡོད་པ་དང་ཚང་མས་རང་ཉིད་ཀྱིས་ཚོང་འདུས་ནས་ག་རེ་ཉོས་མིན་སྐོར་ཚ་ཚ་འུར་འུར་ངང་གླེང་།

    “དེ་གོང་ང་ཀོང་ཏུང་ལ་ལས་ཀར་འགྲོ་སྐབས་ལོ་གཅིག་ལ་ཁྱིམ་དུ་ཐེངས་མ་གཅིག་གཉིས་ཙམ་ལས་སླེབས་ཀྱི་མི་འདུག དལ་བགྲོད་མེ་འཁོར་ནི་སྟབས་བདེ་བས་ངས་སེམས་ཐག་བཅད་དེ་ཚལ་འཚོང་བར་ལོག་པས་ཉིན་ལྟར་ནང་མི་བུ་ཕྲུག་དང་མཉམ་དུ་སྡོད་རྒྱུ་བྱུང”ཞེས་ཝུའུ་ཧྲོའུ་ཧྥེང་གིས་གསར་འགོད་པར་བུ་ལ་སློབ་དུས་འདིར་རག་པའི་བྱ་དགའི་གཟེངས་བསྟོད་ལག་ཁྱེར་སྟོན་བཞིན་བཤད།

    མེ་འཁོར་སྐྱོད་འགོ་ཚུགས། དུང་སྒྲ་ལྷང་ལྷང་གྲགས། རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་དྲོ་སྐྱིད་དང་དགའ་བ་སྟོང་གིས་ཁེངས་པའི་དལ་བགྲོད་མེ་འཁོར་རིང་མོ་དེ་ཡུལ་མི་སྤུན་ཟླ་ཚོའི་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་ནས་ཐོན་འགོ་ཚུགས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།