དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཀྲུང་ལུགས(བོད་ལུགས)གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-11

    ཉེ་ཆར། གསར་འགོད་པར་2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས(བོད་ལུགས)གསོ་རིག་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས(བོད་ལུགས)གསོ་རིག་ལས་དོན་ཐད་རྩེ་རིམ་ཇུས་འགོད་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། གཞུང་འཁྱོངས་གསར་འབྱེད་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཁྱད་ལྡན་ལེགས་ཆ་གང་ལེགས་འདོན་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས(བོད་ལུགས)གསོ་རིག་བྱ་གཞག་སྤུས་ཚད་མཐོ་ལ་མགྱོགས་མྱུར་འཕར་བར་སྐུལ་འདེད་བཏང་ཡོད་པ་རེད།

    ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གྱི་གཙོ་གནད་ལས་གྲྭ་བརྟན་པོའི་ངང་ལག་ལེན་བསྟར་ནས་སྤུས་ལེགས་ནུས་ཆེའི་ཀྲུང་ལུགས(བོད་ལུགས)གསོ་རིག་ཞབས་ཞུའི་མ་ལག་སྐྲུན་རྒྱུར་སྐུལ་འདེད་བཏང་ཞིང་། དེའི་ནང་མགོ་ལོག་ཀྲོའུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་གཙོ་གནད་སྨན་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་སྔོན་དཔག་བྱས་ན་ད་ལོ་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་རེད། མཚོ་ནུབ་ཀྲོའུ་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་དུ་བདམས་ཡོད། ཆེད་སྦྱོང་ཚན་ཁག་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ཀྲུང་ལུགས(བོད་ལུགས)གསོ་རིག་སྤྱི་པའི་འཕྲོད་བསྟེན་མ་ལག་ནང་མཉམ་འདྲེས་གཏིང་ཟབ་བྱས་པས། ལོ་65ཡན་གྱི་རྒན་རྒོན་དང་ལོ་3མན་གྱི་བྱིས་པའི་ཀྲུང་ལུགས་གསོ་རིག་གི་བདེ་ཐང་དོ་དམ་བྱེད་ཚད་76.48%དང་92.75%སོ་སོར་ཟིན་ཡོད་པ་རེད།

    ཀྲུང་ལུགས་དང་ཕྱི་ལུགས་མཐུན་སྦྱོར་གསར་གཏོད་བྱེད་ཟབ་ཏུ་བཏང་སྟེ་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་ལ་བརྟེན་པའི་ཀྲུང་ལུགས་དང་ཕྱི་ལུགས་མཐུན་སྦྱོར་གྱི་སྨན་ཁང་གཙོ་བོ་ལེགས་གྲུབ་བྱུང་ཞིང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་། ཞིང་ཆེན་སྨན་རྩིས་ཁང་། ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་བཅས་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་མཉམ་དུ་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞི《བོད་ཀྱི་གསོ་བ་རིག་པའི་ནད་གཞིའི་རིགས་དབྱེ་དང་ཚབ་ཨང》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། བོད་ཀྱི་གསོ་བ་རིག་པའི་ཆེད་ལས་གྲངས་གཞིའི་མཛོད་13དང་མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་གསོ་བ་རིག་པའི་ཆ་འཕྲིན་དྲ་རྒྱའི་ལས་སྟེགས་བསྐྲུན་ནས་སྲོལ་རྒྱུན་གྱི་སྨན་རྫས་དང་དེང་རབས་ཚན་རྩལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།

    ཞིང་ཆེན་རིམ་པའི་ཀྲུང་ལུགས(བོད་ལུགས)གསོ་རིག་གི་རིག་གནས་སློབ་གསོའི་དྲིལ་བསྒྲགས་རྟེན་གཞི་17བསྐྲུན་ནས“ཀྲུང་ལུགས་གསོ་རིག་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་ཞིང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཞིང་ཆེན་ཡོངས་ཀྱི“ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཤེས་བྱ་སློབ་ཁང་ནང་ཁྲིད་པའི”རིམ་སྤེལ་སྤུས་རྟགས་བཏོད་པ་དང་། “དུས་ཚིགས་ཉེར་བཞི་མཚོ་སྔོན་གྱི་སྲོལ་རྒྱུན་ཀྲུང་ལུགས(བོད་ལུགས)གསོ་རིག་ནང་སྤྱོད་པའི”རིམ་སྤེལ་བྱེད་སྒོ་སྤེལ་བ། མཚན་ཁྲོམ་ཉམས་ལེན་དང་། ལག་རྩལ་འགྲན་བསྡུར། སྨན་རྒྱུ་དབྱེ་འབྱེད་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་སྤེལ་བ། རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་ཏེ་ཀྲུང་ལུགས(བོད་ལུགས)གསོ་རིག་རིག་གནས་མང་ཚོགས་ཀྱི་འཚོ་བའི་ནང་མཉམ་འདྲེས་གཏིང་ཟབ་བྱས་ཡོད། ཀྲུང་ལུགས(བོད་ལུགས)གསོ་རིག་གི་རིག་གནས་དེ་རིག་གནས་ཡུལ་སྐོར་དང་ལུས་གསོ་ཕན་ཚུན་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་ཕྱི་ཕྱོགས་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས། ཀྲུང་ལུགས(བོད་ལུགས)གསོ་རིག་ཕྱིར་སྐྱོད་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    ཀྲུང་ལུགས་དང་། བོད་ལུགས། ཕྱི་ལུགས་བཅས་གསོ་རིག་ཁག་གསུམ་མཐུན་སྦྱོར་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་རྨང་གཞིའི་ཐོག མི་རིགས་ཀྱི་སྨན་རྫས་ཁག་60ཁ་གསབ་བྱས་ནས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་ཅིང་། རྒྱལ་ཡོངས་སུ་བོད་ལུགས(སོག་ལུགས)གསོ་རིག་གི་སྨན་བཅོས་སྒྲིག་གཞིའི་སྡེབ་སྦྱོར་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་སྔོན་ལ་བཟོས་ཏེ། རིགས་531གི་མི་རིགས་ཀྱི་སྨན་སྦྱོར་3200དང་རིགས་202ཀྱི་ཀྲུང་ལུགས་སྨན་སྦྱོར་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ནང་བཅུག་པ་དང་། བོད་ལུགས་གསོ་རིག་གི་རྒྱུན་སྤྱོད་ཀྲུང་ལུགས་སྨན་རྫས་འཐུང་རིལ་རིགས་150བདམས་ནས་སྨན་བཅོས་འགན་བཅོལ་ནང་ཁ་གསབ་བྱས་པ་དང་ཆབས་ཅིག་དེ་མཚུངས་ཀྱི་ཀྲུང་ལུགས་སྨན་རྫས་སྡེབ་སྦྱོར་རིལ་བུ་སྨན་བཅོས་འགན་བཅོལ་ནང་བཅུག་པ་མ་ཟད། ད་དུང་གཏོང་སྤྲོད་ཚད་གཞི་ཁ་གསལ་ཡང་བཟོས་ཡོད། སྨན་བཅོས་ཞབས་ཞུའི་རྣམ་གྲངས་འགན་སྲུང་གི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་མི་རིགས་སྨན་བཅོས་ཀྱི་ཁྱད་ལྡན་ཞབས་ཞུ་ཁག་153དང་མི་རིགས་སྨན་བཅོས་ཀྱི་ལག་རྩལ་གསར་པ་ཁག་32དཀར་ཆག་ནང་བཅུག་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སྨན་རྫས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཁག་640ཡི་ཁྲོད་ཀྱི་ཁག་564སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ནང་བཅུག་པས། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཏན་ཏིག་བཏང་བ་མ་ཟད། ལྷག་པར་དུ་གཞི་རིམ་གྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་ཡང་བསྐངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།