དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་ནོར་སྲིད་ཀྱིས་སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-11

    ཉེ་ཆར། ནོར་སྲིད་པུའུ་གཞུང་དོན་ཐིང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་གཞུང་དོན་ཐིང་གིས་སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལས་དོན་སྤེལ་བའི་ཐད་མཉམ་དུ་བརྡ་ཐོ་བཏང་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་འཛུགས་སྐྲུན་གྱི་བརྗོད་བྱ་དང་ཁ་གསབ་ཀྱི་ཚད་གཞི་སོགས་ཀྱི་དོན་ཚན་ཁ་གསལ་བཟོས་པ་རེད།

    བརྡ་ཐོ་ལྟར་ན། 2026ལོ་ནས་2028ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ཏེ་ཁག་གསུམ་ལ་དབྱེ་ནས་རྨང་གཞིའི་ཆ་རྐྱེན་བཟང་བ་དང་། ཧུར་བརྩོན་རང་བཞིན་ཆེ་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རྫོང་ཁག་གཅིག(གྲོང་ཁྱེར་དང་། ཆུས། ཆི་བཅས་ལ་གཤམ་དུ་གཅིག་གྱུར་ཐོག་རྫོང་ཞེས་འབོད་རྒྱུ)ལ་རྒྱབ་སྐྱོར་བྱས་ཏེ། དེ་མཚུངས་ཀྱི་བརྗོད་བྱའི་སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལས་དོན་སྤེལ་ནས་རྒྱལ་ཁབ་རིམ་པའི་རིག་གནས་མིང་བྱང་ཕུལ་བྱུང་རབ་དང་རིམ་པ་བཏོད་ཐོག ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སོ་ནམ་རིག་གནས་ནང་རྩ་བ་ཚུགས་པའི་ཀྲུང་ཧྭའི་ཤེས་དཔལ་མི་ཉམས་གོང་འཕེལ་ཡོང་བར་བྱ་རྒྱུ་རེད།

    བརྡ་ཐོ་ལྟར་ན། ཀྲུང་དབྱང་ནོར་སྲིད་ཀྱིས་བདམས་ཐོན་བྱུང་བའི་རྫོང་ལ་བཅད་གྲངས་ཁ་གསབ་སྤྲོད་རྒྱུ་ཡིན་ཞིང་། རྫོང་རེ་རེའི་ཁ་གསབ་ཀྱི་ཚད་གཞི་སྒོར་ཁྲི་5000ཡིན་པ་དེ་ལོ་གཉིས་ལ་བགོས་ནས་སྤྲོད་རྒྱུ་རེད། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་དེ་སྤྱི་པའི་སྲོལ་རྒྱུན་སྐྲུན་དངོས་སྲུང་སྐྱོང་ཞིག་གསོ་དང་། སྲོལ་རྒྱུན་ཨར་སྐྲུན་བཟོ་སྐྲུན་གྱི་ལག་རྩལ་རྒྱུན་འཛིན། སྲོལ་རྒྱུན་ཨར་སྐྲུན་ལག་ཤེས་ཆེ་མོ་བ་གསོ་སྐྱོང་བཅས་བྱེད་པ་དང་། ས་གནས་དེ་གའི་ཁྱད་ལྡན་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། མེས་བརྒྱུད་ཁྱིམ་ཚང་སློབ་གསོ། དམངས་ཁྲོད་སྒྱུ་རྩལ་སོགས་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་རྒྱུན་འཛིན་གྱིས་གྲོང་ཚོའི་ལོ་རྒྱུས་རྩོམ་སྒྲིག་བྱེད་པ། གྲངས་འཛིན་ཅན་གྱི་སྲུང་སྐྱོང་བྱེད་པ། རྣམ་པ་བཅོས་སྒྲིག་བྱས་ནས་སྲོལ་རྒྱུན་གྲོང་ཚོའི་སྤྱི་པའི་ཁོར་ཡུག་ལེགས་སུ་གཏོང་བ། སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་འབྲེལ་བ་དམ་ཟབ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་ཆོག་གི་ཡོད།

    སྡེ་ཚན་གཉིས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་དེ“གཞོང་ལྗོངས་བཟོ་བ་དང་ཡུལ་ལྗོངས་ཁུལ་སྐྲུན་པ”སོགས་ཀྱི་རྟགས་མཚོན་ལས་གྲྭར་སྤྱོད་མི་ཆོག་པ་དང་། བཤིག་སྐྲུན་ཆེན་པོ་མི་བྱེད་པར་གྲོང་གསེབ་ཀྱི་དེ་སྔའི་རྣམ་པ་སོར་འཇོག་ལ་སྣང་ཆེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།