སྡེ་ཚན་གསུམ་གྱིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་གི་སྔ་ཕྱི་དང་དཔྱིད་དུས་ཀྱི་འགོས་ནད་གཙོ་བོ་འགོག་བཅོས་ལས་དོན་བཀོད་སྒྲིག་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་རིམས་ནད་སྔོན་འགོག་ཅུས་ཕྱོགས་བསྡུས་སི་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཐིང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཅུས་ཕྱོགས་བསྡུས་སི་བཅས་ཀྱིས་ཟླ་2ཚེས་7ཉིན་མཉམ་དུ་ཡིག་ཆ་བཀྲམ་ནས་2026ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་གི་སྔ་ཕྱི་དང་དཔྱིད་དུས་ཀྱི་འགོས་ནད་གཙོ་བོ་འགོག་བཅོས་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་འགོག་བཅོས་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་མི་དམངས་མང་ཚོགས་བདེ་ཐང་དང་བདེ་འཇགས་ངང་དུས་ཆེན་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱའང་བཏོན་པ་རེད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ཕྱི་ཡོང་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཏོག་གསར་དང་། སྤྲེལ་འབྲུམ། ཏེང་ཀེ་ཚད་ནད། ཅི་ཁུང་ཁེན་ཡ་ཚད་ནད། འདར་ནད། མི་ལ་འགོ་བའི་ཆམ་རིམས་ཀ་པ་གསར་པ། ཉི་ཕཱ་ནད་ཀྱི་ནད་དུག་སོགས་རིམས་ནད་ཀྱི་འཕེལ་ཕྱོགས་ལ་དོ་ཁུར་ཟབ་མོ་བྱས་ཏེ་སྔོན་འགོག་དང་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་སྔོན་ཚུད་ནས་ཡག་པོ་བྱེད་དགོས། རྒྱལ་མཚམས་ནང་འཛུལ་མཁན་ཁྲོད་གློ་བུར་དུ་བྱུང་བའི་འགོས་ནད་ཀྱི་ནད་དཔེར་རིམས་ནད་རིག་པའི་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགོས་ནད་ཀྱི་ཡོང་ཁུངས་གསལ་རྟོགས་བྱེད་པ། འབྲེལ་ཐུག་དམ་ཟབ་ཡོད་མཁན་གྱི་མཇུག་འདེད་དང་། གྲལ་བཤེར། དོ་དམ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད་རིམས་ནད་གཏན་ནས་མ་མཆེད་པ་བྱེད་དགོས།
བརྡ་ཐོའི་ནང་ཁ་གསལ་བཏོན་དོན། འབྲེལ་ཡོད་སྡེ་ཚན་གྱིས་བུ་བཅོལ་སྒྲིག་གཞི་དང་སློབ་གྲྭར་སློབ་འགོ་མ་ཚུགས་གོང་གི་སློབ་ཁྲིད་དང་འཚོ་བའི་ཁོར་ཡུག འཐུང་ཆུའི་གཙང་སྦྲ་བཅས་ཡག་པོ་བྱེད་པར་མཛུབ་ཁྲིད་བྱེད་དགོས་པ་དང་། རྒན་གསོའི་སྒྲིག་གཞི་དང་སྤྱི་ཚོགས་ཕན་བདེའི་སྒྲིག་གཞིས་རྒྱུན་གཏན་གྱི་འགོག་སྲུང་དང་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱེད་དགོས་པ། འགྲིམ་འགྲུལ་སྐྱེལ་འདྲེན་ས་ཚིགས་དང་། རིག་གནས་དང་ཡུལ་སྐོར་ས་ཆར་འགྲུལ་རྒྱུན་བཤངས་པ་དང་། རླུང་འགྲོ་ཡག་པོ་མེད་པའི་ཁང་པར་གཙང་སྦྲ་དུག་སེལ་དང་རླུང་འགྲོ་ཡག་པོ་ཡོང་བ་སོགས་བྱེད་པར་མཛུབ་ཁྲིད་བྱེད་དགོས་པ། བཟའ་བཏུང་སྡེ་ཚན་དང་མཚོ་ཐོན་ཐོན་རྫས་ཕྱིར་འཚོང་གཉེར་སྐྱོང་པ་སོགས་ལ་བཟའ་བཅའི་འཕྲོད་བསྟེན་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་མཛུབ་ཁྲིད་བྱེད་དགོས་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།