དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པར་འཛམ་གླིང་གི་དོན་སྙིང་གལ་ཆེན་ལྡན་ཡོད།

    པོ་ཚུང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-11

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་ལག་ལེན་ལ་སྐུལ་འདེད་བཏང་བའི་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་ཞིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས“ཟུང་འབྲེལ་གཉིས”མཐའ་འཁྱོངས་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བའི་བློ་གྲོས་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པས། དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་དུ་རྒྱུན་ཆད་མེད་པར་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་ང་ཚོས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་ནས་ལྔ་པའི་བར་སྐད་རིགས་མང་པོའི་པར་གཞི་གཟབ་རྒྱས་ངང་འགྲེམས་སྟོན་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧ་མ་ཧྲེར་ཏེ་དཔེ་མཛོད་ཁང་དུ་ཉར་ཚགས་ཀྱང་བྱས་ཡོད། ཧ་མ་ཧྲེར་ཏེ་དཔེ་མཛོད་ཁང་གི་ཀོན་ཀྲང་སཱ་ནོ་སིས་དཔེ་མཛོད་ཁང་གིས་ནམ་ཡང་དཔེ་དེབ་དེ་དག་ཉར་ཚགས་དང་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་ཁབ་ཁག་གི་མི་སྣ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་པས་ཞིབ་ཀློག་བྱེད་པར་མཁོ་འདོན་བྱ་རྒྱུ་ཡིན་པས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་འདིས་རྒྱལ་མཚམས་སྒྲོལ་བའི་གོ་ལ་ཧྲིལ་པོའི་རིན་ཐང་དང་ཤུགས་རྐྱེན་གཏིང་ཟབ་མངོན་པ་མཚོན་ཡོད་ཅེས་བརྗོད་པ་རེད།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་འཛམ་གླིང་གི་དོན་སྙིང་གལ་ཆེན་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོར་ཤེས་རྟོགས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་བྱ་རྒྱུར་དབང་གྲགས་ལྡན་པའི་བསམ་བློའི་ལྡེ་མིག་འདོན་སྤྲོད་བྱས་པ་དེ་རེད། མིག་སྔའི་འཛམ་གླིང་གི་དུས་བབ་ཟང་ཟིང་དུ་འགྱུར་བ་དང་ཀྲུང་གོའི་འཕེལ་རྒྱས་བརྟན་ཁྲོད་ཡར་འཕེལ་ཡིན་པས། རྒྱལ་ཁབ་ཁག་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ལ་གྲུབ་འབྲས་ཐོབ་པའི་གསང་བ་འཚོལ་ཞིབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཏིང་ཟབ་པའི་གཏན་ཚིགས་རྟོགས་ཐུབ་པའི་རེ་བ་དེ་བས་བྱེད་ཀྱི་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་དུས་རབས་གསར་པའི་ཀྲུང་གོ་དེང་རབས་ཅན་དུ་བསྐྱོད་པའི་འཚོལ་ཞིབ་དང་ལག་ལེན་གཙོ་གནད་དུ་བཟུང་ནས་ཟིན་བྲིས་བཀོད་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པ་དང་། གཞུང་འཁྱོངས་གསར་འབྱེད་བྱེད་པ། རང་བཙན་རང་བདག་བྱེད་པ། ཡིད་ལ་གནམ་འོག་འཆང་བ་སོགས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་དབང་གྲགས་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ། དེང་རབས་ཅན་གྱི་འགྲོ་ལམ་གྱི་སྣ་མང་རང་བཞིན་འབུར་དུ་ཐོན་པ་བཅས་ལས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་ལེགས་སྐྱེས་གསར་པ་ཕུལ་བ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དེང་རབས་ཅན་དུ་བསྐྱོད་པར་གདམ་ག་གསར་པ་མཁོ་འདོན་ཡང་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚད་མཐོའི་བསྔགས་བརྗོད་བྱས་ཏེ“མིའི་རིགས་ཀྱི་འབྱུང་འགྱུར་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཀྲུང་གོར་རག་ལས་ཡོད”ཅེས་བརྗོད་ཡོད།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་འཛམ་གླིང་གི་དོན་སྙིང་གལ་ཆེན་དེས་རྒྱལ་ཁབ་ཁག་གི་ལས་དབང་གཅིག་མཐུན་དང་བདེན་དོན་སྐྱོང་བར་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཇུས་གཞི་གསལ་བཤད་བྱས་པ་དེ་རེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་ནི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ལྟེ་བའི་འདུ་ཤེས་ཡིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་འདུ་ཤེས་གལ་ཆེན་དེ་མཛེས་སྡུག་ལྡན་པའི་བསམ་འདུན་ནས་ཕུན་སུམ་ཚོགས་པའི་ལག་ལེན་དུ་རྒྱུན་ཆད་མེད་པར་འགྱུར་བ་དང་། ཀྲུང་གོའི་གྲོས་འགོ་དེ་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་ལ་རིམ་སྤོར་བྱུང་བའི་ཕྱི་འབྲེལ་ལག་ལེན་དུ་གྱུར་པ་གསོན་ཉམས་དོད་པོའི་སྒོ་ནས་མཚོན་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་འདུ་ཤེས་གལ་ཆེན་དང་གྲོས་འགོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཕྱོགས་མང་ལིང་ཚེ་འཛུགས་པར་སྐུལ་འདེད་བཏང་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་དེ་བསྟུད་མར་ལོ་དགུའི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་བཀོད་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་130ལྷག་ཙམ་གྱིས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་84“གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་གྲོགས་པོའི་ཚོགས་ཆུང”ནང་ཞུགས་ནས་དངོས་གཉེར་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་སྤེལ་ཡོད། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོར་རྒྱལ་ཁབ་དང་རྒྱལ་སྤྱིའི་ས་ཁུལ་གྱི་རྩ་འཛུགས་130ལྷག་ཙམ་གྱི་རྒྱབ་སྐྱོར་དང་བསྔགས་བརྗོད་ཐོབ་པ་དང་ལྟེ་བའི་འདུ་ཤེས་ཕྱོགས་གཉིས་དང་ཕྱོགས་མང་གི་ཡིག་ཆ་140ལྷག་ཙམ་ནང་བྲིས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་རིམ་དང་འབྲེལ་མཐུད་གཏིང་ཟབ་ཐུབ་ཡོད། མཉམ་འབྲེལ་རྒྱལ་ཚོགས་སྐབས་དོན་བརྒྱད་པའི་ཚོགས་ཆེན་ཐོག་ཀྲུང་གོས་བཏོན་པའི“ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ཀྱི་རྒྱལ་སྤྱིའི་ཉིན་མོ”འཛུགས་རྒྱུའི་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ནས་ཟླ་6པའི་ཚེས་10ཉིན“ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ཀྱི་རྒྱལ་སྤྱིའི་ཉིན་མོར”གཏན་འཁེལ་བྱས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་མཉམ་འབྲེལ་རྒྱལ་ཚོགས་སུ་གཞི་ཚུགས་ནས་དོན་འཁྱོལ་བྱུང་བ་མཚོན་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་150ལྷག་ཙམ་གྱིས་དང་ལེན་དང་རྒྱབ་སྐྱོར་བྱས་པ་དང་། “གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོགས་པོའི་ཚོགས་ཆུང”མཉམ་འབྲེལ་རྒྱལ་ཚོགས་སུ་སྟབས་བསྟུན་ངང་གྲུབ་པ་དང་རྒྱལ་ཁབ་40ལྷག་ཙམ་སྲོལ་གཏོད་ཀྱི་ཁོངས་མིར་གྱུར་ཡོད། དྲུང་ཆེ་ཀུའུ་ཐེ་ལེ་སིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འདུ་ཤེས་དང་གྲོས་འགོའི་ནང་དོན་ཕུན་སུམ་ཚོགས་པ་དང་དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྒྲ་དྲག་པོར་ལན་ཡག་པོ་བརྒྱབ་ཡོད་ཅེས་བསྔགས་བརྗོད་བྱས་ཡོད།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་འཛམ་གླིང་གི་དོན་སྙིང་གལ་ཆེན་དེས་དུས་རབས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་དང་སྒྲིག་ལམ་གྱི་འགྱུར་ལྡོག་ལ་སྣེ་ཁྲིད་བྱེད་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་གསལ་པོ་གཏན་འཁེལ་བྱས་པ་དེ་རེད། འཛམ་གླིང་ལ་ལོ་བརྒྱ་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འཕེལ་འགྱུར་འགྲོ་བཞིན་པ་དང་། འཛམ་གླིང་ཟང་ཟིང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པའི་ནང་སླེབས་པ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་འཕྲད་པ་སོགས་ཀྱི་ཆོད་གཏམ་གལ་ཆེན་ལ་དུས་བབ་འཕེལ་རྒྱས་ཀྱི་ར་སྤྲོད་རྒྱུན་ཆད་མེད་པར་ཐོབ་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཆེན་པོ་དང་ཏང་ཆེན་པོའི་གཙོ་འཛིན་ཡིན་པའི་ངོས་ནས་གཟིགས་རྒྱང་རིང་བའི་འཐབ་ཇུས་དང་དུས་རབས་ལ་གསལ་པོར་མཁྱེན་པའི་གཏིང་ཟབ་པའི་གཟིགས་རྒྱང་ཡོད་པ་གང་ལེགས་མངོན་ཡོད། མིག་སྔར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་འཕོ་འགྱུར་གཏིང་ཟབ་བྱུང་བར་བདེན་དཔང་བྱེད་བཞིན་ཡོད་ལ། འགག་སྒོ་གལ་ཆེན་འདིར་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་ལ་རྒྱ་སྲ་བརྟན་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཚོགས་པའི་རང་བཞིན་དར་རྒྱས་ཡོང་བར་རྒྱབ་སྐྱོར་བཅས་བྱས་ཏེ་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།

    (རྩོམ་པ་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་དང་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།