2026ལོར་མཚོ་སྔོན་གྱིས་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་284གསར་དུ་བཅོས་སྐྱོང་བྱ་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། འདི་ལོ་མཚོ་སྔོན་གྱིས་ས་ཆུ་ཤོར་རིགས་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཆུ་བོ་འབབ་རྒྱུད་ཀྱི་ཆུང་གྲས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་སྤུས་འབྲས་ལེགས་གཉེར་ཡོང་བར་བྱེད་པ་དང་ས་ཆུ་སྲུང་རགས་94ཡི་བདེ་འཇགས་ལྟ་ཞིབ་ཚད་ལེན་སྒྲིག་བཀོད་མཐོར་གཏོང་སྒྱུར་བཀོད་ཀྱི་རྣམ་གྲངས་12ལག་བསྟར་བྱ་རྒྱུ་དང་། ས་ཆུ་སྲུང་རགས་5སྐྲུན་པའི་ལས་འགན་ལེགས་སྒྲུབ་བྱས་ནས་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་དཔེ་སྟོན་ཁག་དང་པོ་འཛུགས་གཏོད་ལ་སྐུལ་འདེད་བཏང་སྟེ། ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་284གསར་དུ་བཅོས་སྐྱོང་བྱ་རྒྱུ་རེད།
དེ་དང་ཆབས་ཅིག གཙོ་གནད་ཆུ་འདྲེན་ཁུལ་དེང་རབས་ཅན་ལ་འཛུགས་སྐྲུན་དང་སྒྱུར་བཀོད་རིམ་སྤོར་བྱས་ནས་ཧོང་ཀྲུང་མཐུན་སྒྲིལ་ཡུར་བུའི་ཞིང་ཆུ་འདྲེན་ཁུལ་དང་ལེ་ཏུའུ་རོང་ཆེན་ཡུར་བུའི་ཞིང་ཆུ་འདྲེན་ཁུལ་དེང་རབས་ཅན་གྱི་སྒྱུར་བཀོད་རྣམ་གྲངས་མུ་མཐུད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲི་ཀའི་ཏུང་ཧོ་གཙང་པོའི་ཞིང་ཆུ་འདྲེན་ཁུལ་དང་མ་ཡུར་ནུབ་མའི་ཞིང་ཆུ་འདྲེན་ཁུལ་སོགས་དེང་རབས་ཅན་གྱི་སྒྱུར་བཀོད་རྣམ་གྲངས་4སྐྲུན་འགོ་བཙུགས་ནས་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་8(སྤྱི་ཆིང་5333) ཡན་ལེགས་སུ་གཏོང་རྒྱུ་རེད། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ཕན་འབྲས་བརྟན་དུ་གཏོང་བ་དང་། གནད་སྨིན་ཁ་གསབ་དང་ཆུ་གྲོན་ཆུང་གི་བྱ་དགའི་དངུལ་དམིགས་སར་འབྱོར་རྒྱུ་མུ་མཐུད་དོན་འཁྱོལ་བྱེད་པ། ཞིང་ལས་ཀྱི་ཆུ་རིན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཆུ་འདྲེན་ཁུལ་འཁོར་རྒྱུག་བཟང་པོ་ཡོང་བར་འགན་ལེན་བྱེད་པ། གནམ་གཤིས་དང་ཞིང་ལས་དང་གྲོང་གསེབ་སོགས་སྡེ་ཚན་དང་ལས་དོན་མཐུན་སྦྱོར་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། ཆུ་འདྲེན་དང་ཆུ་མཁོ་འདོན་གྱི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་བཅས་བྱས་ནས་ཞིང་ཆུ་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་རྒྱུ་རེད།
གླེང་རིན་ཡོད་པ་ཞིག་ནི། “བདེ་སྐྱིད་གཙང་པོ་དང་མཚེའུ”འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཟི་ལིང་གྲོང་ཁྱེར་གྱི་ཡའོ་ཧྲུའེ་གཙང་པོ་དང་མཚོ་བྱང་ཀྲོའུ་གྱི་པཱ་པའོ་གཙང་པོ་བཅས་རྒྱལ་ཁབ་རིམ་པའི་བདེ་སྐྱིད་གཙང་པོ་གཉིས་འཛུགས་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་མ་ཟད། རྒྱལ་ཁབ་རིམ་པའི་བདེ་སྐྱིད་གཙང་པོ་དང་མཚེའུ་2ནས་3བར་དང་ཞིང་ཆེན་རིམ་པའི་བདེ་སྐྱིད་གཙང་པོ་དང་མཚེའུ་2འཛུགས་སྐྲུན་རྣམ་གྲངས་གསར་དུ་ལས་འགོ་འཛུགས་པར་རེ་ཞུ་ཧུར་ཐག་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།