འགྲུལ་བཞུད་ཀྱི་ལམ་དུ་མི་སེམས་འགུལ་བའི་གནས་ཚུལ་མང་པོ་འཕྲད་སྲིད།
ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་31པའི་མཐོང་ཐོས།
ཟླ་1ཚེས་20ཉིན་གྱི་ཞོགས་པར། གསར་འགོད་པ་ལྷ་སའི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་31པ་སྟེ། འབབ་ཚུགས་ཁག་39དང་སྦྲེལ་མཐུད་བྱེད་པའི“དམངས་འཚོའི་མ་ལམ”དེར་སྐྱོད་སྐབས་སློབ་མ་དང་། རྒན་རྒོན། རྒྱུན་གཏན་གྱི་ལས་ཀར་སྐྱོད་མཁན་དང་ཁྱིམ་དུ་ལོག་མཁན། ཡུལ་སྐོར་བ་སོགས་མང་ཚོགས་ཚོགས་སྤྱི་མང་པོ་ཡོད་པ་མཐོང་།
དེའི་རྗེས་ཀྱི་ཉིན་5ཡི་རིང་། གསར་འགོད་པས་འབབ་ཚུགས་སུ་བཅར་འདྲི་དང་། རླངས་འཁོར་གྱི་རྗེས་སུ་བསྐྱོད་དེ་འགྲུལ་པའི་གཏམ་རྒྱུད་དངོས་ཉན་པ། སྲིད་ཇུས་དོན་འཁྱོལ་གྱི་དྲོ་སྐྱིད་ལྡན་པའི་རྣམ་པ་ཤེས་རྟོགས་བཅས་བྱས་པ་དང་སྦྲགས་འཕེལ་རྒྱས་ཁྲོད་ཀྱི་ལེགས་བཅོས་ཀྱི་ཁ་ཕྱོགས་ཕྲ་མོའང་དོན་དངོས་དང་མཐུན་པའི་སྒོ་ནས་མངོན་པར་བྱས།
འཁོར་སྒྲོམ་གསར་པ་བརྗེས་པ།
ས་མཐོའི་དགུན་དུས་ཀྱི་དྲོ་སྐྱིད་དང་བློ་བདེ།
སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། བྱང་འདབས་གློག་ཤུགས་ཁུལ་ཆུང་འབབ་ཚུགས་སུ་ལོ་70ལ་སླེབས་པའི་རྒད་མོ་ཚེ་རིང་གིས་འཁར་རྒྱུག་བཙུགས་ནས་སྤྱི་སྤྱོད་རླངས་འཁོར་ཡོང་སའི་ཕྱོགས་སུ་ལྟ་བཞིན་མཆིས། གང་ཙམ་ནས་ལམ་ཐིག་31པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དལ་གྱིས་ཁ་བཀག རླངས་འཁོར་གྱི་རྐང་སྟེགས་ནི་འབབ་སྟེགས་དང་སྤྱིར་ན་མཐོ་དམའ་མེད་སྟབས་རྒད་མོ་ཁོང་སྐྱོར་མཁན་མི་དགོས་པར་བདེ་བླག་ངང་རླངས་འཁོར་ལ་འཛེགས་ཐུབ་སོང་།
“དེ་སྔའི་རླངས་འཁོར་གྱི་རྐང་སྟེགས་མཐོ་བས་རླངས་འཁོར་ལ་འཛེག་སྐབས་སྐྱོར་མཁན་དགོས་ཀྱི་འདུག ད་ཆ་སྤྱི་སྤྱོད་རླངས་འཁོར་གྱི་རྐང་སྟེགས་དམའ་རུ་བཏང་འདུག་པས་འཛེགས་ཧ་ཅང་བདེ་པོ་འདུག རླངས་འཁོར་ནང་དྲོད་རླངས་བཏང་སྟབས་ལག་སྐྱོར་དྲོན་མོ་ཡིན་པའི་ཁར་འདྲེད་བརྡབ་མི་ཤོར་བས་ང་ཚོ་རྒན་རྒོན་ཚོ་སྤྱི་སྤྱོད་རླངས་འཁོར་ནང་འགྲོ་རྒྱུར་དགའ་པོ་ཡོད”ཅེས་རྒན་རྒོན་སྡོད་སའི་འབོལ་སྟེགས་སུ་བསྡད་པའི་རྒད་མོ་ཚེ་རིང་གིས་ལག་སྐྱོར་ལ་ལག་པ་འཆང་བཞིན་དགའ་ཚོར་ཆེན་པོས་བཤད།
རྒད་མོ་ཚེ་རིང་གི་མྱོང་ཚོར་ནི་ཁོང་གཅིག་པུའི་མྱོང་ཚོར་ཙམ་ག་ལ་ཡིན་སྲིད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་ཚང་མ་ནུས་རྒྱུ་གསར་པའི་རླངས་འཁོར་ཡིན་ཁར་ཚང་མ་གློག་སྒུལ་རྐྱང་པའམ་ཡང་ན་མཉམ་བསྲེས་སྒུལ་ཤུགས་རླངས་འཁོར་ཡིན་ཞིང་། དེ་དག་ལས་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་གྱི་སྤྱི་ལེ་བརྒྱའི་གློག་གྲོན་ཚད་ཏུའུ་96ཟིན་པ་དེ་སྲོལ་རྒྱུན་གྱི་སྤྱི་སྤྱོད་རླངས་འཁོར་ལས་ནུས་རྒྱུ་གྲོན་ཚད་71%ཆག་པ་དང་། འཛེར་སྒྲ་90%ཉུང་དུ་ཕྱིན་པ། མཇུག་རླངས་མེད་པའི་ཁྱད་ཆོས་ལྡན་པ་བཅས་རེད། མཉམ་བསྲེས་སྒུལ་ཤུགས་སྤྱི་སྤྱོད་རླངས་འཁོར་གྱིས་སྤྱི་ལེ་བརྒྱར་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་29ཟད་པ་དེ་སྲོལ་རྒྱུན་གྱི་སྤྱི་སྤྱོད་རླངས་འཁོར་ལས་ནུས་རྒྱུ་གྲོན་ཚད་30%ཆག་པ་དང་། འཛེར་སྒྲ་40%དང་མཇུག་རླངས་འབུད་ཚད་90%ཉུང་དུ་ཕྱིན་ཡོད་པ་རེད།
འབབ་ཚུགས་རིམ་པ་སྤར་བ།
བོད་བཟོའི་རྣམ་པ་ལས་མང་ཚོགས་ལ་མཐོང་ཚོར་གསར་པ་སྦྱིན་པ།
ཉིན་དགུང་ཞིང་ཟོག་ཁྲོམ་ར་ནས་ཚགས་ཤ་དང་ནས་ཀྱི་ཐུག་པ་ཉོས་མ་ཐག་པའི་པ་སངས་བོད་བཟོའི་འབབ་ཚུགས་ཀྱི་རྐུབ་སྟེགས་སུ་ངལ་གསོ་བཞིན་འདུག “དེ་སྔའི་འབབ་ཚུགས་ལ་ཉི་གཡབ་མེད་པས་དགུན་དུས་གྲང་ངར་ཆེ་བ་དང་དབྱར་དུས་ཉི་མས་འཚིགས་ནས་མིག་ཀྱང་གདངས་ཐུབ་ཀྱི་མིན་འདུག ད་ཆ་བོད་བཟོའི་ཉི་གཡབ་དེ་སྙིང་རྗེ་པོ་འདུག་ལ་སྤྱོད་གོའང་ཆེ་བས། ཆར་པ་འབབ་སྐབས་ཆར་གདུགས་དང་ཉི་མ་ཚ་སྐབས་ཉི་གདུགས་བྱས་ཆོག་པས་ང་ཚོ་བློ་བདེ་པོའི་ངང་ནས་རླངས་འཁོར་སྒུག་ཆོག་གི་འདུག”ཅེས་པ་སངས་ཀྱིས་མགོ་ཐོག་གི་བོད་བཟོའི་ཉི་གཡབ་དེར་མཛུབ་མོ་འཛུགས་ཀྱིན་བཤད།
འབབ་ཚུགས་དེ་དག་ནི་ལྷ་ས་གྲོང་ཁྱེར་གྱི་དམངས་འཚོའི་བྱ་བ་དངོས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། 《ལྷ་ས་གྲོང་ཁྱེར་གྱི་2025ལོའི་དམངས་འཚོའི་བྱ་བ་དངོས་20》ལས་ཁ་གསལ་མངོན་དོན། སྲིད་གཞུང་གིས་གྲོང་ཁུལ་གཙོ་བོའི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུགས་161གསར་བརྗེ་དང་159གསར་སྐྲུན་བྱ་རྒྱུར་མ་དངུལ་སྒོར་ཁྲི་4797བཏང་སྟེ། རིམ་རྩིས་བརྒྱབ་ན། བོད་བཟོའི་འབབ་ཚུགས་320འཛུགས་སྐྲུན་སྒྱུར་བཀོད་བྱས་ཟིན་པ་རེད། འབབ་ཚུགས་ཚང་མར་ཉི་གཡབ་དང་རྐུབ་སྟེགས་སྒྲིག་སྦྱོར་བྱས་པ་དང་། ཉི་གཡབ་ངོས་ཀྱི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་གནའ་གྲོང་ལྷ་སའི་ཉམས་འགྱུར་གཅིག་ལ་གཅིག་རྒྱན་དུ་གྱུར་ནས་ཁྲོམ་གཞུང་གི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
གྲངས་འཛིན་གྱིས་མཐུན་རྐྱེན་སྦྱར་བ།
མཛུབ་རྩེའི་ནུས་ཆེའི་ཕྱིར་སྐྱོད་མྱོང་རོལ།
ཕྱི་དྲོའི་ཆུ་ཚོད་14པར་ལས་བྱེད་པ་ཟླ་བ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཀུང་སིར་འགྲོ་རྩིས་བྱེད་བཞིན་འདུག ཁོང་གིས་ལག་ཐོགས་ཁ་པར་བཏོན་ནས“སྦར་མཐིལ་སྤྱི་སྤྱོད་རླངས་འཁོར”གྱི་APPམནན་པས་བརྙན་ཤེལ་ངོས་ནས་ཐེངས་རྗེས་མའི་ལམ་ཐིག་31པ་འབབ་ཚུགས་སུ་འབྱོར་བར་ད་དུང་སྐར་མ་3ཡོད་པ་གསལ་པོར་མངོན།
“དེ་སྔ་སྤྱི་སྤྱོད་རླངས་འཁོར་སྒུག་སྐབས་ཚོད་དཔག་བྱ་རྒྱུ་ལས་མེད། དགུན་ཁ་གྲང་ལ་དབྱར་ཁ་ཉི་མས་འཚིགས་ཀྱི་འདུག སྐབས་རེ་དུས་ཚོད་རིང་པོ་བསྒུགས་ཀྱང་རླངས་འཁོར་ནང་མི་མང་དྲགས་ནས་སྡོད་ས་རག་གི་མེད། ད་ཆ་ཁྱིམ་ནས་མ་ཐོན་གོང་ལག་ཐོགས་ཁ་པར་གྱི་APPལ་བལྟས་ན་འགྲིག་གི་འདུག”ཅེས་ཟླ་བས་གད་མོ་དགོད་བཞིན་བཤད།
གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་པར། འགྲུལ་པས་སྒུལ་བདེ་ནས་གཏོང་སྤྲོད་བྱས་པའི་བསྡུར་གྲངས་35%ནས་40%བར་ཟིན་ནས་གྲངས་འཛིན་ཅན་གྱི་ཞབས་ཞུ་ལས་ཕྱིར་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
ཨ་ཅག་ཉིའུ་ལགས་ཀྱིས་གསར་འགོད་པར་ད་ཐེངས་ལྷ་སར་ཡུལ་སྐོར་བྱེད་རིང་སྤྱི་སྤྱོད་རླངས་འཁོར་ལ་བསྡད་པ་ཡིན། བསམ་ཡུལ་ལས་འདས་པར་ས་མཐོའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཡང་རིག་ནུས་ཅན་དུ་གྱུར་ནས་དུས་ཐོག་འཚོལ་བཤེར་དང་སྒུལ་བདེའི་གཏོང་སྤྲོད་ཚང་མ་ལྗོངས་ཕྱི་དང་འདྲ་བར་སྟབས་བདེ་རུ་ཕྱིན་འདུག་པས་ཡུལ་སྐོར་གྱི་ཉམས་ལེན་ཡག་པོ་བྱུང་ཞེས་བཤད།
ཟླ་1ཚེས་24ཉིན་གྱི་དགོང་མོ་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་31པ་མཇུག་ཤོས་དེ་ཐོག་མར་གཏོང་སའི་འབབ་ཚུགས་ནས་ཁ་བྲལ་ཞིང་། བོད་བཟོའི་ལམ་སྒྲོན་གྱི་གློག་འོད་དང་འཁོར་སྒྲོམ་ནང་གི་དྲོད་རླངས་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན། སྤྱི་སྤྱོད་རླངས་འཁོར་དང་མཉམ་སྐྱོད་ཀྱི་ཉིན་5ཡི་རིང་རྒད་མོ་ཚེ་རིང་གི་འཛུམ་མདངས་དང་། ཟླ་བའི་གདེང་ཚོད། ཨ་ཅག་ཉིའུ་ལགས་ཀྱི་བག་ཕེབས་བཅས་ནི་དམངས་འཚོའི་ལམ་གྱི་དྲོ་སྐྱིད་ལྡན་པའི་མཚོན་བྱེད་ཅིག་རེད། ས་མཐོའི་གནའ་གྲོང་གི་འཁོར་རྒྱུག་སྦྲེལ་ཐག་ཅིག་ཡིན་པའི་ངོས་ནས་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་31པའི་རིམ་སྤོར་བྱེད་ཐབས་ཚང་མས་གྲོང་མིའི་རེ་ཞུར་ལན་གནད་སྨིན་འདེབས་བཞིན་ཡོད་ལ། ལྷ་སའི་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱང་མཚོན་གྱི་ཡོད། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་ལས་དམངས་འཚོ་ལེགས་གཏོང་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཁེ་མངོན་འགྱུར་དེ་བས་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།