ཇ་བག་ཆུང་གི་འབྲེལ་ཟམ་ཡངས། ཡུལ་ཕྱོགས་གཉིས་ཀྱི་བརྩེ་བ་ཟབ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དུ་གྲང་རླུང་བསིལ་བུར་ལྡང་བ་དང་། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ནས་དབོར་བའི་ཇ་བག་ཆུང་སྒམ་40ལེ་དབར་སྟོང་བརྒལ་ནས་དེ་གར་འབྱོར། དེ་ནི་ཧུའུ་པེ་ཞིང་ཆེན་བོད་སྐྱོར་གཞུང་ལས་ཁང་གིས་སྤྲད་པའི་དུས་ཆེན་གྱི་ལག་རྟགས་ཡིན་པ་དང་ཇ་བག་ཆུང་400ཤང་ཡོངས་ཀྱི་དབུལ་སྒྲོལ་དུད་ཚང་དང་། ལྟ་ཞིབ་ཚད་ལེན་དུད་ཚང་། དཀའ་ངལ་ཡོད་པའི་མང་ཚོགས་བཅས་ཀྱི་ལག་ཏུ་སྤྲོད་རྒྱུ་ཡིན་ཞིང་། ལོ་གསར་འཆར་ཉེའི་དུས་སུ་ཇ་བག་ཆུང་དག་ཤང་གི་སྒོ་རའི་ནང་ཕབ་པས་དེ་གར་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་ངང་གིས་འཆར།
ཉིན་དེའི་སྔ་དྲོར། ལྷ་ཡུལ་ཤང་སྲིད་གཞུང་གི་སྒོ་རའི་ནང་དུ་མོ་ཊ་ཕི་ཁ་ཞིག་དལ་གྱིས་ཁ་བཀག་ཅིང་། འཁོར་སྒྲོམ་ནང་ཇ་སྒམ་ཆུང་གྲལ་སྟར་འགྲིག་ནས་བཞག་ཡོད། དེ་མ་ཐག་ལས་དོན་མི་སྣས་རླངས་འཁོར་གྱི་མཐའ་བསྐོར་ནས་སྒམ་ཆུང་གི་ཁ་ཕྱེ་སྟེ་ཐུམ་སྒྲིལ་བརྒྱབ་པའི་ཇ་བག་ཆུང་རེ་རེ་བཞིན་ཕབ་ཅིང་། གྲོང་ཚོ་ལྟར་ཚོགས་ཆུང་ཁག་བགོས་དང་། གྲངས་འབོར་རྩིས་རྒྱག་སོགས་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་ཡོད། ཇ་བག་ཆུང་རེ་རེའི་ཐུམ་སྒྲིལ་སྟེང་དུ“མི་རིགས་མཐུན་སྒྲིལ”ཞེས་པའི་ཡིག་འབྲུ་བཞི་བཀོད་ཡོད།
“ང་ཚོས་སྔ་སྣུར་ནས་གྲོང་ཚོ་ཁག་གི་མིང་ཐོ་ཞིབ་བསྡུར་བྱས་ཏེ་དུད་ཚང་རེ་རེ་བཞིན་ཚང་མིན་བལྟས་ཚར། དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་གཅིག་ཀྱང་ལུས་མེད”ཅེས་ལྷ་ཡུལ་ཤང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཆེད་བསྐོས་པ་བཀྲ་ཤིས་ཀྱིས་རྩིས་རྒྱག་ཞོར་དེ་ལྟར་བཤད། ལས་དོན་མི་སྣས་བགོ་བཤའ་བརྒྱབ་ཟིན་པའི་ཇ་རྩྭ་རས་ནང་བླུགས་ནས་དེའི་སྟེང་གྲོང་ཚོ་གང་གི་ཡིན་མིན་བཀོད་ནས་གྱང་ཟུར་དུ་གྲལ་འགྲིག་པོར་བཞག་ཡོད།
“ཧུའུ་པེ་ཡི་གཉེན་ཉེ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཇ་བག་ཆུང་འདི་ངས་ཉར་ཚགས་བྱས་ནས་ལོ་གསར་ལ་ཕྲུ་གུ་ཚོ་དང་མཉམ་དུ་འཐུང་གི་ཡིན། ཧུའུ་པེ་དང་ང་ཚོ་ས་ཐག་རིང་ཡང་སེམས་པ་གཅིག་ཏུ་སྦྲེལ་ཡོད། ཇ་འདི་འཐུང་དུས་སེམས་ནང་དྲོ་སོབ་སོབ་ཡོང་རྒྱུ་གཏན་འཁེལ་རེད”ཅེས་ལོ་58ལ་སླེབས་པའི་བསོད་ནམས་ཚེ་རིང་གིས་འཛུམ་འཚེར་འཚེར་ངང་བཤད།
“ཇ་བག་ཆུང་འདི་བཏུང་བྱ་ཙམ་མ་ཡིན་པར། ཧུའུ་པེ་དང་བོད་གཉིས་ཀྱི་མཛའ་མཐུན་ཡང་རེད། ཧུའུ་པེ་ཞང་དབྱང་དང་འཕྱོངས་རྒྱས་གཉིས་དབར་ཆ་སྒྲིག་རོགས་སྐྱོར་བྱས་ནས་ལོ་མང་སོང་བས། ང་ཚོ་ནི་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཡོད”ཅེས་འཕྱོངས་རྒྱས་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་བྱེད་པ་ནོར་བུས་བཤད་ཅིང་། མང་ཚོགས་ལ་ཇ་བག་ཆུང་སྤྲོད་སྐབས་ཁོང་ཚོའི་ངོ་གདོང་ལས་འཛུམ་མདངས་འཕྱུར་བ་མཐོང་སྐབས་ཁོང་ལ་དགའ་ཚོར་ཆེན་པོ་སྐྱེས།
ཤེས་རྟོགས་བྱུང་བར་གཞིགས་ན། ཧུའུ་པེའི་སྐད་གྲགས་ཡོད་པའི་ཇ་བག་ཆུང་འདིར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་བཟོ་རྩལ་ལོ་རྒྱུས་ལྡན་པ་དང་། སོ་ཕག་ལྟར་མཁྲེགས་པ། སྐྱེལ་འདྲེན་དང་ཉར་ཚགས་བྱེད་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། ས་མཐོའི་ཁུལ་དང་ཧ་ཅང་འཚམ་པོ་ཡོད། ད་ཐེངས་དབོར་ཡོང་བའི་ཇ་བག་ཆུང་ཚང་མ་ལེགས་འདེམས་བྱས་པ་ཤ་སྟག་ཡིན་པས་སྤུས་ཀ་དག་པོ་ཡོད།
ལྷ་ཡུལ་ཤང་རིག་གནས་ས་ཚིགས་ཀྱི་དབྱངས་ཅན་སྒྲོལ་མས“ཇ་བག་ཆུང་སྔོན་མ་ཇ་རྟའི་གནའ་ལམ་གྱི་འབྲེལ་ཐག་རེད་ལ་ད་ཆའང་དེ་རང་རེད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
ཉི་མ་ནུབ་རིའི་ཕང་བར་བཞུད་ལ་ཁད་དུ། ཇ་ལེན་ཟིན་པའི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་རང་ཁྱིམ་དུ་ལོག་པ་དང་། ས་མཐོའི་རླུང་བུ་དང་སྦྲགས། ཇ་ལོའི་དྲི་ཞིམ་གྲོང་ཚོའི་ས་ཕྱོགས་གང་སར་འཐུལ།
འབྲེལ་ཡོད་གསར་འགྱུར།