དངུལ་རྩའི་སྒོར་དུང་ཕྱུར་56.24ཡིས་མཚོ་སྔོན་གྱི་བཟོ་ལས་དཔལ་འབྱོར་ལ་གྲུབ་འབྲས་ཡག་པོ་ཐོབ་པར་མཐུན་རྐྱེན་སྦྱར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་5ཉིན། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2026ལོའི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཁོར་སྐྱོད་ཀྱི་ཆེད་དོན་བཀོད་གཏོང་དང་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་སྦྲེལ་མཐུད་བྱེད་སྒོ་ཐེངས་གསུམ་པ་སྤེལ་ཏེ་མཉམ་ལས་འདོད་འདུན་གྱི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་56.24ལ་བརྟེན་ནས་མཚོ་སྔོན་གྱི་བཟོ་ལས་དཔལ་འབྱོར་ལ་འགོ་ཚུགས་བཀྲ་ཤིས་ཡོང་རྒྱུར་དངུལ་རྩས་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱིས་མཐུན་སྦྱོར་ངང་ཤུགས་བཏོན་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་བརྟན་པོ་ཞིག་བསྐྲུན་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དུས་བབ་ལ་རང་འགུལ་ངང་ཁ་གཏད་གཅོག་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། བཟོ་ལས་གླིང་ཁུལ་ཁག་དང་། གྲོང་ཁྱེར་དང་ཀྲོའུ་ཡི་བཟོ་ལས་དང་ཆ་འཕྲིན་ཅན་གཙོ་གཉེར་སྡེ་ཚན། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི། བཟོ་ལས་ཁེ་ལས་ཀྱི་འཐུས་མི་བཅས་ཀྱིས་ཐུན་མོང་ཐོག་བདེན་དཔང་བྱས་མཐར་དངུལ་རྩའི་སྒྲིག་གཞི་15དང་བཟོ་ལས་ཁེ་ལས་53དབར་སྒོར་དུང་ཕྱུར་56.24ཡི་འདོད་འདུན་མཉམ་ལས་གྲོས་མཐུན་འཇོག་པར་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས“དངུལ་རྩས་ཁེ་ལས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་ལག་ལེན་བསྟར་བ་དང་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཕྱོགས་གསུམ་ལ་ཕན་པ་ཐོབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།
2025ལོའི་ཟླ་12པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2291ལྷག་ཙམ་ཟིན་ནས་ལོ་འགོ་ལས་སྒོར་དུང་ཕྱུར་222གསར་དུ་འཕར་ཏེ་དུས་མཚུངས་ལས་10.7%འཕར་བ་དེས་དངུལ་བུན་ལྷག་གྲངས་ཁག་གི་བསྡུར་གྲངས་བཟུང་ཚད་28.2%ཟིན་ཡོད། ལྗིད་ཏིག་ཏིག་གི་གྲངས་གཞི་དེ་དག་ནི་དངུལ་རྩའི་སྒྲིག་གཞིས་ས་གནས་ཀྱི་ཐོན་ལས་ཐད་ཤུགས་བཏོན་པའི་བདེན་དཔང་ནུས་ལྡན་ཞིག་རེད་ལ། མཚོ་སྔོན་གྱི་བཟོ་ལས་དཔལ་འབྱོར་གྱི་མཉེན་ཤུགས་དང་གསོན་ཤུགས་ཀྱི་ཐད་ཀའི་མཚོན་ཚུལ་ཞིག་ཀྱང་རེད།
ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ལྟར། ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་གིས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་འགག་རྩའི་མཚམས་ཚིགས་ལ་གཞི་ཚུགས་ནས་ཞིང་ཆེན་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་དང་གནད་དོན་མང་པོར་མིག་སྔའི་དངུལ་རྩས་རྒྱབ་སྐྱོར་བྱེད་རྒྱུར་དོ་ཁུར་ཆེན་པོ་བྱས་ཏེ། སྐྱེད་ཚད་1.25%ཡིན་པའི་ཀྲུང་དབྱང་དངུལ་ཁང་གི་བསྐྱར་བུན་དང་དམངས་གཉེར་ཁེ་ལས་ཀྱི་བསྐྱར་བུན་སྒོར་དུང་ཕྱུར་ཁྲི་1 ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་བསྐྱར་བུན་སྒོར་དུང་ཕྱུར་ཁྲི་1.2སོགས་ཀྱི་སྲིད་ཇུས་གལ་ཆེན་དང་གཙོ་གནད་ཐོག་སྦྲེལ་མཐུད་བྱས་ཏེ། ཁེ་ལས་དང་དངུལ་རྩའི་སྒྲིག་གཞིས་སྲིད་ཇུས་ཀྱི་ཁེ་སྤོགས་གང་ལེགས་སྤྱོད་རྒྱུར་ཁྲིད་སྟོན་བྱས་ནས་དངུལ་རྩའི་ཐོན་ཁུངས་དང་ཐོན་ལས་ཀྱི་དགོས་མཁོ་སྙོམས་སྒྲིག་ནུས་ལྡན་ཡོང་བར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།