མཚོ་སྔོན་གྱིས་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་སྤུས་ཚད་ལེགས་གཏོང་གི་ལོ་གསུམ་བྱ་སྤྱོད་སྤེལ་འགོ་བཙུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་2ཚེས་6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཞིབ་དཔྱོད་ཁང་དེས《མཚོ་སྔོན་ཞིང་ཆེན་གྱི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱོད་སྒྲུབ་ཀྱི་སྤུས་ནུས་ཆེ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2026ལོ་ནས་2028ལོའི་བར)》དངོས་སུ་བཀྲམ་ནས་ལོ་གསུམ་རིང་གི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་སྤུས་ཚད་ལེགས་གཏོང་གི་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱ་སྤྱོད་དེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཚོ་སྔོན་དེ་ཉིད་སྤྱི་ཕན་གཏུག་བཤེར་གྱི་སྤུས་ནུས་མཐོ་བའི་གྱོད་གཞི་སྒྲུབ་གཉེར་གྱི་ཁ་གཏད་རོགས་སྐྱོར་ཚོད་ལྟའི་ཞིང་ཆེན་དུ་གཏན་འཁེལ་བྱས་པ་གོ་སྐབས་སུ་བརྩིས་ནས། “གྱོད་གཞི་ཚང་མ་སྤུས་ཚད་དང་ཕན་འབྲས་ལེགས་པོས་སྒྲུབ་པའི”བླང་བྱ་ལག་བསྟར་གྱིས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་ཆེད་ལས་ཅན་དང་། ཚད་ལྡན་ཅན། གནད་སྨིན་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཞིང་ཆེན་ཡོངས་སུ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་སྐྲུན་པར་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་བྱས་ཡོད།
བྱ་སྤྱོད་ཀྱིས་ལྟེ་བའི་དམིགས་ཚད་ཆེན་པོ་གསུམ་ལ་གཞིགས་པ་སྟེ། གཅིག་ནི་གྱོད་དོན་སྒྲུབ་གཉེར་གྱི་སྤུས་ནུས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་དང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་སུ་གྱོད་དོན་སྒྲུབ་པའི་སྟོང་ཆ་མེད་པའི་འགན་ལེན་བྱས་ཏེ། ཞིབ་དཔྱོད་གྲོས་འགོ་དང་ལེན་བྱེད་ཚད་99%ཡན་བརྟན་པོ་ཡོང་བ་དང་། རིམ་ཁག་ཞིབ་དཔྱོད་ཁང་གིས་ལོ་ལྟར་ཉུང་མཐར་ཡང་སྤུས་ནུས་མཐོ་བའི་གྱོད་གཞི་ཁག་3སྒྲུབ་ཐུབ་པ་དང་། གཉིས་ནི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་སྟེ“ཆུ་འགོའི་ཕན་སེམས”ཀྱི་སྤྱི་ཕན་གཏུག་བཤེར་སྤུས་རྟགས་ཕྱོགས་ཡོངས་ནས་བཏོད་པ་དང་། ལོ་ལྟར་ཞིང་ཆེན་རིམ་པའི་དཔེ་མཚོན་གྱོད་དཔེ་20ལས་མི་ཉུང་བ་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་དཔེའི་གྲངས་འབོར་བརྟན་པོའི་ངང་མང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གསུམ་ནི་དཔུང་ཁག་གི་འཇོན་ནུས་ཆེ་རུ་གཏོང་བ་དང་མཚོ་སྔོན་མི་རིགས་སློབ་ཆེན་ཞིབ་འཇུག་རྟེན་གཞིར་བརྟེན་ནས་ཞིབ་དཔྱོད་དཔོན་དང་། མཐོ་སློབ་དགེ་རྒན། སློབ་མ་བཅས་མཉམ་དུ་ཞུགས་པའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཚོགས་པ་བཙུགས་ནས་ཆེད་ལས་ཅན་གྱི་ཤེས་ལྡན་པའི་རྗེས་གྲབས་དཔུང་ཁག་གསོ་སྐྱོང་བྱེད་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།