“ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་ནུས་པ་གལ་ཆེན་བཏོན་པ”
—— དབྱི་རན་གྱི་རྩོམ་པ་པོ་དང་ཆབ་སྲིད་དབྱེ་ཞིབ་མཁས་ཅན་ཧོ་སའེ་ཉི་ལ་བཅར་འདྲི་ཞུས་པ།
“གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་རྒྱལ་ཁབ་ཁག་གིས་མཉམ་དུ་ཁ་གཏད་འཇལ་བ་དང་ཇུས་ཤུགས་མཉམ་འདོན་བྱེད་དགོས། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད” དབྱི་རན་གྱི་རྩོམ་པ་པོ་དང་ཆབ་སྲིད་དབྱེ་ཞིབ་མཁས་ཅན་ཧ་སྨི་ཏི·ཧོ་སའེ་ཉི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་རྙོག་འཛིང་ཆེ་བས་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་སོགས་བཏོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ཏེ། འཛམ་གླིང་ལ་ཡུན་རིང་གི་ཞི་བདེ་དང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད་ཅེས་བརྗོད།
ཧོ་སའེ་ཉི་ཡིས། ཀྲུང་གོས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་ལེན་ཧུར་ཐག་བསྟར་ནས་ས་ཁུལ་གྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ཇུས་གཞི་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་གྱི་བདེ་འཇགས་བརྟན་ལྷིང་མངོན་འགྱུར་བྱེད་པར་གྲོས་འགོ་ཁག་ལྔ་བཏོན་ནས་ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད། ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་། བདེན་པ། དྲང་བདེན་བཅས་ཀྱི་ཕྱོགས་སུ་ལངས་ནས། ཕ་ལེ་སི་ཐན་མི་དམངས་ལ་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་དང་དྲང་བདེན་བྱ་གཞག་སླར་གསོ་ཐུབ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད་ཅེས་བརྗོད། ཧོ་སའེ་ཉི་ཡིས། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་དང་སོ་ཏི་ཨ་རབ་དབར་ཞི་བས་མཐུན་འགྲིག་ཡོང་བར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ལ་བརྟེན་ནས་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་དཔེ་མཚོན་གསར་པ་གཏོད་པ། ཀྲུང་གོའི་འགན་འཁུར་གྱི་རྒྱལ་ཁབ་ཆེན་པོའི་ནུས་པ་མངོན་པ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་ཆོག་འཐུས་རང་བཞིན་དང་དོན་སྙིང་ཟབ་མོ་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།