རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས།
དཔྱིད་རྨོད་དང་ལོ་ཧྲིལ་པོའི་རྫས་ལུད་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་པ།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས་འབྲེལ་ཡོད་ཕྱོགས་ལ་2026ལོའི་དཔྱིད་རྨོད་དང་ལོ་ཧྲིལ་པོའི་རྫས་ལུད་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
རྫས་ལུད་ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་བྱས་ནས་རྫས་ལུད་ཐོན་སྐྱེད་བརྟན་པོ་ཡོང་བར་བྱེད་དགོས་ཤིང་། ཞིང་ཆེན་རིམ་པའི་འཕེལ་སྒྱུར་ཨུ་ལྷན་ཁག་གིས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་གཙོ་གཉེར་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རྫས་ལུད་ཐོན་སྐྱེད་ལ་དམ་འཛིན་བྱེད་པ་དང་། རྫས་ལུད་ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་མཐུན་སྦྱོར་འགན་ལེན་བྱེད་པ། འབྲེལ་ཡོད་ཁེ་ལས་ཀྱིས་བླང་བྱ་ལྟར་ཐོན་སྐྱེད་འཆར་གཞི་དམའ་ཤོས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་དགུན་གསོག་དཔྱིད་རྨོད་སོགས་ཀྱི་ལུད་གྲ་སྒྲིག་དང་ལུད་སྤྱོད་པའི་འགག་རྩའི་དུས་ཀྱི་རྫས་ལུད་ཐོན་སྐྱེད་ཡག་པོ་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་སྦགས་བཙོག་ཚབས་ཆེའི་གནམ་གཤིས་ཀྱི་འཕྲལ་སྡོམ་བཙོག་འབུད་ཉུང་གཏོང་ལ་མཐུན་སྦྱོར་བྱེད་སྐབས་ཁོར་ཡུག་སྲུང་སྐྱོང་བྱས་འབྲས་Aདང་Bརིམ་པའི་རྫས་ལུད་ཐོན་སྐྱེད་ཁེ་ལས་ཀྱིས་རང་བདག་ངང་བཙོག་འབུད་ཉུང་གཏོང་བྱེད་དུ་འཇུག་དགོས།
རྫས་ལུད་བདེ་བླག་ངང་འཁོར་རྒྱུག་ཡོང་བར་སྐུལ་འདེད་བཏང་ནས་ཞིང་ལས་ཐད་སྤྱོད་པའི་ལུད་ཀྱི་མ་གནས་དམའ་རུ་གཏོང་དགོས་ཤིང་། ཞིང་ཆེན་རིམ་པའི་འཕེལ་སྒྱུར་ཨུ་ལྷན་ཁག་གིས་འགྲིམ་འགྲུལ་གཙོ་གཉེར་སྡེ་ཚན་དང་མཉམ་དུ་རྫས་ལུད་དང་ཐོན་སྐྱེད་རྒྱུ་ཆ་ཆུ་ལམ་དང་གཞུང་ལམ་བརྒྱུད་ནས་སྐྱེལ་འདྲེན་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཞིང་ཆས་རྐང་འཛིན་འཁོར་རྒྱུག་བར་ཁྱམས་ཀྱི་ནུས་པ་བཏོན་ནས་རྫས་ལུད་དང་མ་བཅོས་རྒྱུ་ཆ་བདེ་བླག་ངང་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་དགོས། གཙོ་གནད་ཞིང་ཆས་འཁོར་རྒྱུག་ཁེ་ལས་ཀྱིས་རྫས་ལུད་ཐད་ཀར་སྤྱོད་མཁན་ལ་ཕྱིར་འཚོང་བྱེད་པའི་བསྡུར་ཚད་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།
རྫས་ལུད་གསོག་འཇོག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གསོག་འཇོག་བྱེད་ནུས་འདོན་སྤེལ་ནུས་ལྡན་བྱེད་དགོས་ཤིང་། ཞིང་ཆེན་རིམ་པའི་འཕེལ་སྒྱུར་ཨུ་ལྷན་ཁག་གིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་རྫས་ལུད་གསོག་འཇོག་ལ་ལྟ་འདོམས་ཞིབ་བཤེར་ཡག་པོ་བྱས་ཏེ་གསོག་འཇོག་འགན་འཁུར་ཁེ་ལས་ཀྱིས་བླང་བྱ་ལྟར་གསོག་འཇོག་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། གསོག་འཇོག་འགན་འཁུར་ཁེ་ལས་ཀྱིས་གསོག་འཇོག་ཟོག་ཁུངས་སྒྲིག་འཛུགས་དང་། གཏོང་འདྲེན། དངུལ་བུན་སོགས་ཐད་ཀྱི་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས། རིམ་པ་མི་འདྲ་བའི་རྫས་ལུད་གསོག་འཇོག་སྦྲེལ་མཐུད་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་གསོག་འཇོག་གི་གཞི་ཁྱོན་དང་། སྣ་ཁ། དུས་མཚམས་སོགས་ཐད་ཀྱི་གསབ་རེས་རང་བཞིན་ཆེ་རུ་གཏོང་དགོས།
བརྡ་ཐོའི་ནང་ད་དུང་རྫས་ལུད་ཕྱིར་གཏོང་ནང་འདྲེན་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ནང་འདྲེན་འགན་ལེན་ཏན་ཏིག་བྱེད་པ། རྫས་ལུད་ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་སྒྲིག་ལམ་ཡག་པོ་སྲུང་བ། ཚན་རིག་དང་མཐུན་པའི་ངང་ལུད་རྒྱག་པར་སྐུལ་འདེད་གཏོང་བ། རྫས་ལུད་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལའང་བླང་བྱ་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།