དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་ཏེ་སྒྱུར་བཅོས་དང་ཁྲོམ་རའི་སྒུལ་ནུས་ཆེན་པོ་གཉིས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-10

    རང་ལྗོངས་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་རང་སྤུས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་མོད། འོན་ཀྱང་མི་མི་ཉུང་བ་ཞིག་གི་སེམས་ནང་ད་དུང“སྒུག་བརྟེན་སློང”གསུམ་གྱི་གོམས་གཤིས་འཇགས་ཏེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོས་ཡོད། ང་ཚོས་ངེས་པར་དུ“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་ཏེ་སྒྱུར་བཅོས་ཀྱི་བསམ་གཞིག་ལ་བརྟེན་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བ་དང་། ཁྲོམ་རའི་འདུ་ཤེས་ལ་བརྟེན་ནས་ཐོན་ཁུངས་ཀྱི་རིན་ཐང་འགྱུར་བ། “གདོང་ལེན་དང་ཚོད་ལྟ་བྱེད་ཕོད་པ་དང་དངོས་སྒྲུབ་ལས་སྒྲུབ”བྱ་རྒྱུ་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས།

    “སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་བའི་རྩ་བ་ནི“རང་འགུལ་ངང་ལས་དོན་སྒྲུབ་པའི”བསམ་བློའི་ཐུན་མོང་གི་ངོས་འཛིན་བརྟན་པོ་འཛུགས་རྒྱུ་དེ་ཡིན་པ་དང་། བསམ་བློ་ནི་བྱ་སྤྱོད་ཀྱི་སྣེ་ཁྲིད་ཡིན་པས་འབྱུང་རྩ་ནས“སྲིད་ཇུས་དོན་འཁྱོལ་ལ་་སྒུག་པ་དང་། སྲིད་གཞུང་གིས་རོགས་སྐྱོར་ལ་བརྟེན་པ། མ་དངུལ་སློང་ནས་སྐུལ་འདེད་གཏོང་བ”བཅས་ཀྱི་སྒྱིད་ལུག་གི་བསམ་བློ་དོར་ཚེ་གཞི་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཐུབ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དྲ་ཚོང་གསར་གཏོད་ལ་བརྟེན་ནས་མང་ཚོགས་ཀྱི་ལས་གཏོད་སྤྲོ་སེམས་འཕེལ་བར་བྱས་པས་དུད་ཚང་སྟོང་ཕྲག་གི་ཞིང་འབྲོག་པས་རང་འགུལ་ངང་དོན་གཉེར་བྱས་པར་བདེ་སྐྱིད་དངོས་སུ་མྱོང་ཐུབ་པ་བྱུང་ཡོད། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་རོགས་སྐྱོར་ཁ་གསབ་ལ་མི་བརྟེན་པར་ཁྱད་ལྡན་གསོ་ཚགས་ཀྱི་སྤུས་རྟགས་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱས་ཡོད། ལག་ལེན་དེ་དག་གི་ཐོག་ནས“ལས་ཀ་བྱས་ན་གཞི་ནས་མདུན་ལམ་ཆེན་པོ་ཡོད་པ”ར་སྤྲོད་གང་ལེགས་ཐུབ་པ་དང་རང་འགུལ་ངང་ལས་དོན་སྒྲུབ་པའི་སྤྲོ་སེམས་འཕེལ་བར་བྱས་ཚེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེཊ་ཆར་འགྱུར་བ་དང“གཞན་བརྟེན་འཕེལ་རྒྱས”ནས“རང་བརྟེན་འཕེལ་རྒྱས”ལ་འགྱུར་ཐུབ།

    “སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་བའི་འགག་རྩ་ནི“གདོང་ལེན་དང་ཚོད་ལྟ་བྱེད་ཕོད་པའི”སྒྱུར་བཅོས་ཀྱི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་རྒྱུར་ཐུག་ཡོད། སྒྱུར་བཅོས་ནི་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བའི“གསེར་གྱི་ལྡེ་མིག་ལྟ་བུ”ཡིན་པ་དང་། བོད་ཀྱི་འཕེལ་རྒྱས་ལ་འཕྲད་པའི་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་རིམ་སྤོར། མཐའ་བརྟན་མཐའ་དར་སོགས་ཀྱི་ཞིབ་འཇུག་བྱ་གཞིར་ད་ཡོད་ཀྱི་དྲིས་ལན་གང་ཡང་མེད་པས་སྒྱུར་བཅོས་ལ་བརྟེན་ནས་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་ཁོ་ནར་ཐུག་ཡོད། མེ་ཏོག་རྫོང་གིས“སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་དམངས་ཕྱུག་ཟུང་དུ་འབྲེལ་བའི”མཉམ་འདྲེས་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་ནགས་ཁྲོད་དཔལ་འབྱོར་དང་སྐྱེ་ཁམས་ཡུལ་སྐོར་མཉམ་འགུལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཚོས“མི་རྐྱང་རྟ་རྐྱང”ནས“ཁྱུ་སྒྲིག་འཕེལ་རྒྱས”ཡོང་བར་བྱས་པས་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་མཁན་ཞིང་དུད་མི་ཉུང་བ་ཞིག་གི་ལོའི་ཁེ་སྤོགས་སྒོར་ཁྲི་30ལྷག་ཙམ་ཟིན་ཡོད། སྒྱུར་བཅོས་ནི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་བསལ་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་འཕེལ་བར་བྱེད་པ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་སྟེ་སྒྱུར་བཅོས་ཀྱི་ངར་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགོག་རྐྱེན་སེལ་རྒྱུ་དེ་རེད།

    “སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་བའི་སྲོག་ཤིང་ནི“ཁྲོམ་ར་སྦྲེལ་མཐུད”ཀྱི་འདུ་ཤེས་འཛུཊ་རྒྱུ་དེ་རེད། ཐོན་རྫས་ཡག་པོ་ག་ཚོད་དང་ཐོན་ཁུངས་ཡག་པོ་ག་ཚོད་ཡོད་རུང་མི་རྣམས་ཀྱིས་ཤེས་རྟོགས་མ་ཐུབ་ཚེ་སྟོང་པ་རེད། ངེས་པར་དུ་ཁྲོམ་རའི་མིག་རྒྱང་ལ་བརྟེན་ནས་ཐོན་ཁུངས་ལ་ཞིབ་ལྟ་བྱེད་པ་དང་ཁྲོམ་རའི་ཆོས་ཉིད་གཞིར་བཟུང་རྒྱུ་རྐྱེན་བཀོད་སྒྲིག་བྱེད་ཤེས་པ་བྱས་ཏེ་ཁྱད་ལྡན་ཐོན་རྫས་ཁྲོམ་ར་ཡོངས་དང་སྦྲེལ་མཐུད་ཐུབ་པར་བྱེད་དགོས། ཆུ་ཤུར་རྫོང་གི་ས་གཙང་སྔོ་ཚལ་ནི་དྲ་ཐོག་ཚོང་དོན་ལས་སྟེགས་ལ་བརྟེན་ཏེ“ཡུལ་ཟོག”ནས“དཀོན་ཟོག”ཏུ་འགྱུར་བར་བྱས་པ་དང་། བོད་ཀྱི་བོད་སྨན་ལས་རིགས་ཀྱིས་རྒྱལ་སྒྲོལ་དྲ་ཚོང་བརྒྱུད་རྒྱལ་སྤྱིའི་ཁྲོམ་རའི་བགྲོད་ལམ་ཤར་གཏོང་ཐུབ་པར་བྱས་ཡོད། “འདེབས་འཛུགས་ཡག་པོ”ནས“བྲིན་ཁ་རྒྱུག་པའི”བར་དང“ཐོན་ཁུངས་ཡོད་པ”ནས“ཡོང་འབབ་ཡོད་པའི”བར་གྱི་འགག་རྩ་ནི་ཁྲོམ་རའི་བསམ་གཞིགས་ལ་བརྟེན་ནས“མཐའ་མའི་འགག་གནད”བསལ་ཏེ་ཁྲོམ་ར་དེ་ཉིད་ཐོན་ཁུངས་ཀྱི་རིན་ཐང་དུ་འགྱུར་བའི“གཡུལ་ས་གཙོ་བོར”འགྱུར་བར་བྱ་རྒྱུ་དེ་རེད།

    ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུ་ནི་གོ་སྐབས་སྒུག་ནས་སྡོད་རྒྱུ་ཞིག་གཏན་ནས་མིན་པར་རང་འགུལ་ངང་གོ་སྐབས་གཏོད་རྒྱུ་དེ་ཡིན་པ་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་པ་ཞིག་གཏན་ནས་མིན་པར་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ་ཞིག་རེད། ང་ཚོས་སྒྱུར་བཅོས་ཀྱི་བློ་སྟོབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། ཁྲོམ་རའི་བློ་གྲོས་ལ་བརྟེན་ནས་ལེགས་ཆའི་ཐོན་ཁུངས་ཀྱི་དཔལ་འབྱོར་རིན་ཐང་སྔོག་འདོན་བྱེད་པ། སྒྱུར་བཅོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་སེལ་བ། ཁྲོམ་རའི་ཕན་འབྲས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་སྒྲུབ་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་ས་མཐོའི་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་འགྱུར་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་རྣམས་དངོས་སྒྲུབ་ཁྲོད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།