བོད་ཀྱིས་ལྗོངས་ཡོངས་ཀྱི་སྲིད་འཛིན་ཁུལ་དབྱེའི་ཚབ་ཨང་ཆ་འཕྲིན་བརྒྱུད་རིམ་ལྡན་པའི་ངང་ཁྱབ་བསྒྲགས་ཐོག་མར་བྱས་པ།
གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་སྤྱི་ཚོགས་ལ《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁུལ་དབྱེའི་ཚབ་ཨང་ཆ་འཕྲིན་རེའུ་མིག》(གཤམ་དུ《ཆ་འཕྲིན་རེའུ་མིག》ཅེས་བསྡུ་རྒྱུ)དབང་གྲགས་ལྡན་པའི་ངང་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། དེའི་དམིགས་ཡུལ་ནི་སྲིད་འཛིན་ཁུལ་དབྱེའི་དོ་དམ་དང་གཞི་གྲངས་མཉམ་སྤྱོད་སྐོར་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་ལྗོངས་ཀྱི་སྲིད་འཛིན་ཁུལ་དབྱེའི་དོ་དམ་ལས་དོན་ཚད་གཞི་ཅན་དང་ཚད་ལྡན་ཅན་ཡོང་བ་དང་ཁ་གསལ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད་རེད།
རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། 《ཆ་འཕྲིན་རེའུ་མིག》ནང་རང་ལྗོངས་ཀྱི་ཁོངས་གཏོགས་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)ཤང(གྲོང་རྡལ་དང་ཁྲོམ་གཞུང)སོགས་རིམ་ཁག་སྲིད་འཛིན་ཁུལ་དབྱེའི་ཚན་པ་ཚུད་ཡོད་པ་དང་། 《སྲིད་འཛིན་ཁུལ་དབྱེའི་ཚབ་ཨང་དོ་དམ་བྱ་ཐབས》ཁྱབ་བསྒྲགས་དང་ལག་བསྟར་བྱས་ཚུན། རང་ལྗོངས་ཀྱིས་སྤྱི་ཚོགས་ཐོག་བརྒྱུད་རིམ་རང་བཞིན་དང་ཆ་ཚང་རང་བཞིན་གྱི་གཞུང་ཕྱོགས་ཀྱི་ཁྱབ་བསྒྲགས་བྱེད་ཐེངས་ཐོག་མ་དེ་རེད། ཚབ་ཨང་ཆ་འཕྲིན་དེས་རྒྱལ་ཁབ་ཀྱི་གཅིག་གྱུར་སྒྲིག་བཟོའི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཚབ་ཨང་ཚང་མར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་འབའ་ཞིག་ཡིན་པ་དེ་ནི་ཆེད་བཙུགས་སྲིད་འཛིན་ཁུལ་དབྱེའི་ཚན་པའི་ཁྲིམས་བཀོད་གྲངས་འཛིན་མཚོན་རྟགས་ཤིག་རེད།
རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས“དབང་གྲགས་ལྡན་པ་དང་ཡང་དག་པའི་སྲིད་འཛིན་ཁུལ་དབྱེའི་ཚབ་ཨང་ནི་དཔལ་འབྱོར་དང་སྤྱི་ཚོགས་བྱེད་སྒོའི་རྨང་གཞིའི་ཆ་འཕྲིན་གལ་ཆེན་ཞིག་ཡིན་པ་དང་། དེས་མི་འབོར་དོ་དམ་དང་། བསྡོམས་རྩིས་བརྟག་དཔྱད། འཆར་འགོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ། ཟོག་འགྲུལ་སྐྱེལ་འདྲེན། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོའི་ཐད་མེད་དུ་མི་རུང་བའི་འདེགས་སྐྱོར་གྱི་ནུས་པ་འདོན་གྱི་ཡོད། ཆ་འཕྲིན་དེ་གཅིག་སྡུད་ཡོངས་བསྒྲགས་བྱས་པ་དེས་རང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་སྡེ་ཚན་དབར་གྱི་གཞི་གྲངས་ཕན་ཚུན་སྦྲེལ་མཐུད་དང་ལས་སྒོའི་ཕན་འབྲས་ཆེ་བའི་མཐུན་སྦྱོར་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཆ་འཕྲིན་གཅིག་གྱུར་མ་བྱུང་བ་ལས་ཐོན་སྲིད་པའི་སྲིད་འཛིན་གྱི་མ་གནས་དང་སྤྱི་ཚོགས་ཀྱི་མ་གནས་དམའ་རུ་གཏོང་བ་དང་སྲིད་གཞུང་གི་ཐབས་ཇུས་ཚན་རིག་ཅན་དང་། སྤྱི་ཚོགས་བཅོས་སྐྱོང་ཞིབ་ཚགས་ཅན། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་གཞི་གྲངས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།