དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས།

    “ཆུ་ཚན”མཚམས་སྦྱོར་དུ་བྱས་ནས་ཡུལ་སྐོར་གྱི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-10

    2025ལོའི་ཟླ་8པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པའི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་བྱེ་འབྲོག་གྲོང་ཚོའི་ཉེ་ནང་ཆུ་ཚན་ལ་སྒྲིག་བཀོད་ཆ་ཚང་ཁང་པ་13དང་། ཉལ་ཁྲི་ཆེན་པོའི་ཁང་པ་3 ཉལ་ཁྲི་4ཡི་ཁང་པ་14བཅས་ཡོད་པས་ཡུལ་སྐོར་བ་མི་འདྲ་བའི་ཞག་སྡོད་དགོས་མཁོ་སྐོང་ཐུབ་པ་དང་། ཆུ་ཚན་རྒྱག་ས་ཡང་མི་4ཡས་མས་སྡོད་པའི་ཁང་ཆུང་6དང་། མི་6ཡས་མས་སྡོད་པའི་ཁང་ཆེན་2 མི་20སྡོད་པའི་སྤྱི་པའི་ཁང་པ་1བཅས་ཡོད།

    “ཆུ་ཚན་འདི་ནི་ཏང་ཨུད་ཀྱིས་སྣེ་ཁྲིད་དང་། ཀྲི་པུའུ་ཡིས་དམ་འཛིན། དུད་སྦྲེལ་གྱིས་དོ་དམ། ཞིང་དུད་ཀྱིས་གཉེར་སྐྱོང་བཅས་བྱེད་ཀྱི་ཡོད། ང་ཚོས་འདི་གར་ལས་ཀ་བྱས་ན་གླ་ཕོགས་ཡོད་པ་མ་ཟད། ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་ཡང་རག་གི་འདུག” “ཁྱེད་ཀྱིས་གཟིགས་དང་། ཟ་ཁང་ནང་གི་བོད་ཕག་གི་ཤ་དང་། ཞོག་ཁོག་བསྲེགས་མ། ཚགས་ཤ་སྐམ་པོ། ནས་ཀྱི་བག་ལེབ་སོགས་ཚང་མ་ས་གནས་འདི་ག་ནས་ཐོན་པ་རེད། མ་བྱན་ཡང་ང་ཚོ་གྲོང་ཚོའི་མི་རེད། ཡུལ་སྐོར་བ་ཚོ་བློ་ཡིད་ཚིམས་ན། ང་ཚོ་ཡང་བློ་བདེ་པོ་འདུག” ན་ནིང་གི་ཟླ་12ཚེས་31ཉིན་བར། ཉེ་ནང་ཆུ་ཚན་གྱི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་120ཙམ་ཟིན་པ་ལས་ཡོང་འབབ་ཁེ་གཙང་སྒོར་ཁྲི་43ཙམ་བྱུང་བ་མ་ཟད་ད་དུང་ས་གནས་དེ་གའི་མི་12ལས་ཞུགས་ཐུབ་ཡོད་ཅེས་གྲོང་མི་བསོད་ནམས་སྒྲོལ་དཀར་གྱིས་དགའ་ཚོར་ཆེན་པོས་བཤད། 

    སྤྱི་པའི་ཆུ་ཚན་ནང་ཆུ་ཚན་ལ་རོལ་གྱིན་གཉེན་ཉེ་དང་ཁ་བརྡ་གློད་བཞིན་པའི་ཀོང་པོ་རྒྱ་མདའ་རྫོང་གི་ཡུལ་མི་བཀྲ་ཤིས་ཕུན་ཚོགས་ཀྱིས“སྔོན་ཆད་ཆུ་ཚན་ལ་འཛུལ་འདོད་ན་ཐག་རིང་པོར་འགྲོ་དགོས། ད་ཆ་སོ་སོའི་སྒོ་རྩར་འཛུལ་ས་ཡག་པོ་འདི་འདྲ་ཡོད་པས་དངོས་འབྲེལ་སྐྱིད་པོ་འདུག དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ངས་རྒན་རྒོན་དང་ཕྲུ་གུ་ཁྲིད་ནས་འདིར་ཡོང་རྩིས་ཡོད། ཡུལ་གཞན་དུ་འགྲོ་བ་ལས་སྟབས་ཧ་ཅང་བདེ་བ་འདུག”ཅེས་བློ་ཡིད་ཚིམ་པོས་བརྗོད། “འདི་གར་གཙང་ཞིང་བཙན་པ་དང་ཞབས་ཞུ་བ་ཚང་མ་ངོ་ཤེས་ཡིན་པས། ང་རང་ཟླ་རེར་ཐེངས་གཉིས་གསུམ་ཡོང་གི་ཡོད། འདི་ལྟར་བྱས་ན་ངའི་བདེ་ཐང་སྲུང་ཐུབ་པ་མ་ཟད། ད་དུང་གྲོང་ཚོའི་ཐོན་ལས་ལ་རྒྱབ་སྐྱོར་ཡང་བྱེད་ཐུབ”ཅེས་ཉེ་འགྲམ་གྱི་ཤང་གྲོང་ནས་ཡོང་བའི་སྒྲོལ་མ་ལྷ་མཚོས་ལག་ཏུ་བག་ལེབ་ཅིག་བཟུང་སྟེ་ཁང་པའི་ཕྱིར་ཐོན་ཏེ་བཤད།

    ཉེ་འགྲམ་གྱི་བོད་ལུགས་གསོ་རིག་གི་དཔྱད་བཅོས་ཁང་དུ། བཀྲ་ཤིས་ཀྱིས་གསར་འགོད་པར“སྐུ་མགྲོན་མང་པོ་ཞིག་ཆུ་ཚན་ནས་ཐོན་རྗེས་འདི་གར་བོད་ལུགས་གསོ་རིག་གི་བདེ་ཐང་ཤེས་བྱའི་སྐོར་ཉན་པར་ཡོང་གི་འདུག་པས། ང་རང་ལས་བྲེལ་ཅུང་ཆེ་ཡང་། བོད་སྨན་གྱི་ཤེས་བྱ་ཀུན་ལ་མཉམ་སྤྱོད་ཐུབ་པས་སྤོབས་སེམས་ཆེ་རུ་འགྲོ་གི་འདུག”ཅེས་བཤད།

    ང་ཕོད་གནའ་བོའི་ཆུ་ཚན་ཡང་ཉེ་ནང་ཆུ་ཚན་དང་འདྲ་བར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ཆུ་ཚན་ནས་ཐོན་མ་ཐག་པའི་ཡུལ་སྐོར་བ་ཚོ་དམངས་སྲོལ་འཁྲབ་སྟོན་ལྟེ་གནས་སུ་ཡོང་ནས་དེ་གའི་ཡུལ་མིས་འཁྲབ་སྟོན་བྱས་པའི་སྒོར་གཞས་ལ་ལྟ་བཞིན་འདུག སྒྲོག་ཙེའི་ཐོག་ཇ་མངར་མོ་དང་ཏན་ཞིམ་སྣ་ཚོགས་བསྒྲིགས་འདུག “ང་ཕོད་གནའ་བོའི་ཆུ་ཚན་ནི་སྐད་གྲགས་ཆོད་པ་ཞིག་ཡིན། རྒན་རབས་ཚོས་འདི་ནི་ཡུལ་ལྷ་གཞིས་བདག་གིས་གནང་བའི‘ཁམས་གསོའི་ཆུ་ཚན’ཞིག་ཡིན་ཞེས་ཤོད་ཀྱི་འདུག” “རིམ་སྤོར་སྒྱུར་བཀོད་བྱས་རྗེས་ཆུ་ཚན་མགྲོན་ཁང་དང་ཁྱད་ལྡན་ཆུ་རྫིང་སོགས་སྒྲིག་བཀོད་དེ་བས་ཆ་ཚང་དུ་ཕྱིན་ནས་མང་ཤོས་མི་300ལྷག་ཤོང་ཐུབ”ཅེས་ང་ཕོད་གནའ་བོའི་ཆུ་ཚན་གྱི་འགན་འཁུར་བ་བློ་བཟང་དཔལ་ལྡན་གྱིས་ལས་དོན་པའི་སྣེ་ཁྲིད་དེ་ཆུ་བརྗེ་དུག་སེལ་བྱེད་བཞིན་བཤད།

    “ཆུ་ཚན་ཆེན་པོ་འདི་གཉིས་ནི་ང་ཚོ་ཀོང་པོ་རྒྱ་མདའི་གྲོང་གསེབ་དར་རྒྱས་ཡོང་བའི་ཐབས་མཆོག་གཉིས་ཡིན”ཆུ་ཚན་གཉིས་ཀའི་འཁྲུག་ཆ་དོད་པའི་རྣམ་པར་ལྟ་བཞིན་ཀོང་པོ་རྒྱ་མདའ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་སེན་གྱིས་བཤད། ཁོང་གིས། ཉེ་ནང་ཆུ་ཚན་རིམ་སྤོར་སྒྱུར་བཀོད་བྱས་རྗེས་སྤྲོ་གསེང་གཏོང་ཡུལ་དང་ཁམས་གསོ་རོལ་རྩེད་བྱ་ཡུལ་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་པ་དང་ཆབས་ཅིག མཐའ་འཁོར་གྱི་སྣམ་བུ་མཉམ་ལས་ཁང་དང་འབྲུ་སྣུམ་ལས་སྣོན་བཟོ་གྲྭ་སོགས་ཐོན་ལས་ཆུང་ཆུང་མཉམ་འགུལ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད། ང་ཕོད་གནའ་བོའི་ཆུ་ཚན་གྱིས་དམངས་སྲོལ་རིག་གནས་གྲོང་ཚོའི་ལེགས་ཆར་བརྟེན་ནས་ཆུ་ཚན་དང་། དམངས་སྲོལ། འབྲས་བུ་འཐོག་པ་བཅས་ཟུང་དུ་སྦྲེལ་བའི་ཁྱད་ལྡན་ལམ་ཐིག་ཅིག་བཏོད་པས། ཡུལ་སྐོར་བ་དྲོད་ཁང་ནང་བསྐྱོད་དེ་འབྲུ་སེའུ་སྔོན་པོ་དང་འབྲི་ཏ་ས་འཛིན་སོགས་འཐོག་ཆོག་པ་རེད། “ད་ཆ། ང་ཚོས་ཆུ་ཚན་འདི་གཉིས་བྲག་གསུམ་མཚོ་དང་ཤུ་པ་མཁར་རྫོང་སོགས་དང་མཉམ་དུ་སྦྲེལ་ནས་ཆུ་ཚན་དང་། གངས་རི། དམངས་སྲོལ་བཅས་ཀྱི་ལམ་ཐིག་རྩེ་གྲ་ཞིག་གཏོད་བཞིན་ཡོད། ལྷག་པར་ཏུ་ཉེ་ནང་ཆུ་ཚན་ཕྱི་ཕྱོགས་ལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་སྟེ། ཡུལ་མི་དེ་བས་མང་པོས་ཡུལ་སྐོར་ཡོང་འབབ་གསོག་ཐུབ་པར་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།