2025ལོར་བོད་ཀྱི་ཁྲོམ་ར་ལྟ་འདོམས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
གཉེར་སྐྱོང་བྱེད་པོའི་ཚོང་དུད་ཁྲི་60ལས་བརྒལ་བ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་པས་གཉེར་སྐྱོང་བྱེད་པོ་སྟོབས་ཆེར་གཏོང་བ་དང་། ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་བ་སོགས་ཀྱི་ཐད་ཕན་འབྲས་ཏན་ཏིག་ཐོན་ཡོད། 2025ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་བསྡོམས་ཚོང་དུད་ཁྲི་61.57ཟིན་པ་དེ་དུས་མཚུངས་ལས་10.54%འཕར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད། རང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་སྐྱེད་སྲིང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ལོ་ཧྲིལ་པོར་ཁེར་རྐྱང་བཟོ་ཚོང་ཚོང་དུད་རིགས་དབྱེ་དང་གནད་སྨིན་རོགས་སྐྱོར་ལ་སྐུལ་འདེད་གཏིང་ཟབ་བཏང་བས“གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས། གསར་དར”བཅས་ཀྱི་ཁེར་རྐྱང་བཟོ་ཚོང་ཚོང་དུད་48ཁས་ལེན་བྱུང་བ་དང་། ཁེར་རྐྱང་བཟོ་ཚོང་ཚོང་དུད་303“སྒེར་ནས་ཁེ་ལས”སུ་འགྱུར་ནས། གཉེར་སྐྱོང་བྱེད་པོའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བར་དམིགས་ནས་ཁེ་ལས་དང་འབྲེལ་བའི་འགྲོ་གྲོན་བསྡུ་བའི་ཁྲིམས་སྒྱུར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ཁེ་ལས་ལ་རོགས་སྐྱོར་ཐེངས་26དང་ཁེ་ལས་ལ་ཞབས་འདེགས་ཐེངས་458ཞུས་པ། རྫོང(ཆུས)15ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་སྤུས་ཚད་རྫོང(ཆུས་དང་གྲོང་རྡལ)སྟོབས་ཆེན་སྐྱེད་སྲིང་མཛོད་ནང་འཇུག་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཉེར་སྐྱོང་བྱེད་པོའི་དཀའ་ངལ་སེལ་རོགས་ཏན་ཏིག་བྱས་ཡོད།
རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་དང་གང་མགྱོགས་མཉམ་འདྲེས་ཐུབ་པ་དང་དྲང་གཞག་དང་གོ་རིམ་ལྡན་པའི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་ཆེད། རང་ལྗོངས་ཀྱིས་ལྟ་འདོམས་དང་ཞབས་ཞུ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ཡོད། 2025ལོར་སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྒེར་སྡེམ་གྱོད་གཞི་ཁག་12གྱོད་དོན་ཐོ་བཀོད་དང་ཞིབ་གཅོད་བྱས་པ་དང་། སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ཁུངས་སྣེ་ཁག་5ལ་ཞིབ་དཔྱད་བྱས་པ་མ་ཟད། གཉེར་སྐྱོང་བྱེད་པོ་220ལ་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་སྤྱོད་ནན་པོ་དམ་འཛིན་བྱ་གཞིར་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་སྣ་ཚོགས་ཁག་8976ཞིབ་གཅོད་བྱས་པ་དང་འཛད་སྤྱོད་ཀྱི་རེ་ཞུ་ཁག་ཁྲི་8.73ཐག་གཅོད་བྱས་ཏེ། འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1134.82མི་ཕོག་པ་བྱས་པ་རེད།
དམངས་འཚོའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་ཆེད། རང་ལྗོངས་ཀྱིས་བདེ་འཇགས་ལྟ་འདོམས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས། ལོ་ཧྲིལ་པོར་བརྒྱུད་རིམ་རང་བཞིན་དང་ས་ཁོངས་རང་བཞིན་གྱི་བདེ་འཇགས་ལས་འཛོལ་ཚབས་ཆེན་ཐོན་མེད། བདེ་འཇགས་ལྟ་འདོམས་ཀྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་ཞིང་། བཟའ་བཅའི་ཐོན་སྐྱེད་ལྷུ་ཚིགས་ལ་ལེབ་བཤེར་ཏན་ཏིག་བྱས་པ་དང་། ཤ་རིགས་དང་། སློབ་གྲྭའི་བཟའ་བཅའ། ཉོ་སྐྱེལ་ལས་སྟེགས་སོགས་ཀྱི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཐེབས་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁག་852གྲལ་བཤེར་ཐུབ་པ། བཟའ་བཅའ་འཐེན་བཤེར་ཁག་ཐེངས་ཁྲི་1.6ལྷག་ཙམ་བཅས་བྱས་ཡོད། དེ་དང་ཆབས་ཅིག “དྲ་སྦྲེལ་དང་AIལྟ་འདོམས་ཟུང་དུ་འབྲེལ་བའི”འཛུགས་སྐྱོང་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་སྟེ། བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།