དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་ཀྱི་འདོད་འདུན་ཧུར་ཐག་བསྐངས། གནའ་གྲོང་ཡུལ་ལ་དྲོ་སྐྱིད་སྦྱིན།

    —— རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་གསུམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-10

    ཞོགས་པ། ཉི་གཞོན་རི་འགོ་ནས་མཚམས་མི་ཆད་པར་བར་སྐོར་གནའ་གྲོང་དུ་འཕྲོས་པ་དང་བསྟུན་ནས། སྲང་ལམ་དུ“ཁན་སྦྱར་དམར་པོའི”གཟུགས་བརྙན་དག་ཉི་འོད་ཁྲོད་དུ་བྲེལ་བརྩོན་ཆེ། “ཨ་ཅག ཁྱེད་ཁྱིམ་གྱི་ཆུ་ཀ་ལ་བཟོས་རྗེས་ཆུ་ད་དུང་འཛག་གི་འདུག་གམ” “ཅོག སྒོ་རྩར་བཞག་པའི་ཅ་ལག་རྙིང་པ་དེ་དག་བསྡུ་གསོག་རྒྱག་གི་ཡིན”ཞེས་དྲོད་འཁོལ་ལྡན་པའི་འཚམས་འདྲི་དེ་འདྲ་གནའ་གྲོང་གི་སྲང་ལམ་དུ་ཉིན་ལྟར་གྲགས་བཞིན་ཡོད། དེའི་རྒྱབ་ཏུ་ནི། སྤྱོད་ཚུལ་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པ་སྟེ། ཏང་ཡོན་ལས་བྱེད་པ་ཚོས“རྐང་ཐང་མར”དུད་ཚང་ཁྲི་སྟོང་མང་པོར་བསྐྱོད་དེ“ཕར་ཆིན་རྒྱག་པ་ལྟ་བུའི་སྙིང་རུས”ལ་བརྟེན་ནས་གནའ་གྲོང་གི་རྣམ་པ་གསར་པ་གཏོད་བཞིན་ཡོད་པ་དེ་རེད།

    བསམ་བློའི་སྣེ་ཁྲིད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ལོ་བརྟན་པོ་སྒྱུར་བ།

    སྤྱོད་ཚུལ་འཛུགས་སྐྱོང་གི་རྨང་གཞི་ནི་བསམ་བློའི་ཞུན་བརྡར་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཐུག་ཡོད། ཉེ་བའི་ལོ་ཤས་རིང་། བར་སྐོར་གནའ་གྲོང་ཏང་དོན་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་འཛུགས་སྐྱོང་དེ་ཨང་དང་པོར་བཞག་ནས“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་དུས་བཀག་ལྟར་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་སྒྲིག་འཛུགས་ཀྱིས་སློབ་སྦྱོང་བྱས་པ་བརྒྱུད། ཏང་གི་གསུང་སྒྲ་གཞི་རིམ་དུ་ཐད་ཀར་བརྒྱུད་བསྒྲགས་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད། ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་ཏང་གི་སློབ་ཚན་འཁྲིད་པ་དང་སྒྲོག་འགྲེལ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱུན་གཏན་གྱི་འཚོ་བ་དང་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་གཏོང་གི་ཡོད། ན་ནིང་ཚུན་དུ། ཁོངས་གཏོགས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་81གིས་རིམ་རྩིས་བརྒྱབ་ན་སློབ་སྦྱོང་བགྲོ་གླེང་ཐེངས་289བྱས་པས། བསམ་བློའི་ཞུན་བརྡར་རེ་རེའི་ཁྲོད་ཏང་ཡོན་ལས་བྱེད་པས་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་དུ་ཕྱིན་ཡོད།

    སྒྲིག་ཁྲིམས་ནི་སྤྱོད་ཚུལ་འཛུགས་སྐྱོང་གི་སྲོག་རྩ་ཡིན། བར་སྐོར་གནའ་གྲོང་ཏང་དོན་ཨུ་ལྷན་གྱིས་སྐོར་ཞིབ་ཀྱི་ལན་སྤྲོད་གནད་དོན་ལ་དམིགས་ནས་དག་ཐེར་རྩིས་ཐོ་བཟོས་པར་ལེགས་སྒྲུབ་བྱེད་ཚད་98%ཟིན་ཡོད་པ་མ་ཟད། དུས་མཚུངས་སུ་ལམ་ལུགས་ཁག་8འཐུས་སྒོ་ཚང་དུ་བཏང་སྟེ་གཅུན་འདོམས་ནན་པོར་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། ཏང་ཡོན་ལས་བྱེད་པས་རྟག་ཏུ“སེམས་ལ་ཚད་གཞི་ཡོད་གྱུར་ན། རྐང་འོག་ལམ་བུར་ཁ་ཕྱོགས་ལྡན”ཞེས་ཤོད་ཀྱི་ཡོད། ད་ཆ་དོན་དག་ཐག་གཅོད་བྱེད་སྐབས་དང་ཐོག་སྲིད་ཇུས་ལ་གཞིགས་པ་དང་། ལས་དོན་སྒྲུབ་སྐབས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་དེ་ནི་བར་སྐོར་གནའ་གྲོང་གི་ཏང་ཡོན་ལས་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་སུ་གྱུར་ཡོད།

    ཐོག་མའི་བསམ་འདུན་ལག་ལེན་བསྟར་ནས་དམངས་སེམས་གཅིག་ཏུ་སྒྲིལ་བ།

    “གནའ་གྲོང་སྲུང་སྐྱོང་བྱེད་པ་ནི་གནའ་ཉམས་སོར་ཆུད་དང་ཞིག་གསོ་བྱེད་པ་ཞིག་ཡིན་ལ། དེ་བས་སེམས་པ་དྲོ་སོབ་སོབ་ཡོང་བའི་ཆེད་དུ་ཡིན” སྲུང་སྐྱོང་ལས་གྲྭ་འགོ་འཛུགས་སྐབས་རྙོག་འཛིང་ཆེ་བའི་བདག་དབང་གི་འབྲེལ་བ་དང་གྲོང་མི་གནས་སྤོའི་དཀའ་གནད་ཀྱི་མདུན་དུ། ཏང་དོན་ཨུ་ལྷན་གྱི་ལས་བྱེད་པ་ཚོས་གཞུང་ལས་ཁང་དུ་ཚུར་ལན་སྒུག་ནས་མ་བསྡད་པར་དུད་ཚང་རེ་རེ་བཞིན་དུ་འདྲི་རྟོག་ལ་བསྐྱོད་པ་རེད།

    “དམངས་ཚོགས་ཀྱི་ཁས་ལེན་ནི་འཆར་གཞི་ཡག་པོ་གང་འདྲ་ཞིག་ལས་ཀྱང་ལྷག” ལས་བྱེད་པ་བཀྲ་ཤིས་གཞོན་པ་དང་ལས་རོགས་ཚོས་ཉིན་ལྟར་འཆར་འགོད་རི་མོ་དང་སྲིད་ཇུས་དེབ་ཁྱེར་ནས་གྲོང་མི་རྣམས་ལ“སྒྱུར་བཀོད་བྱས་རྗེས་ཁྱིམ་གྱི་དཀར་ཆ་གསལ་དུ་དང་སྲང་ལམ་རྒྱ་ཆེ་རུ་འགྲོ་བས། ཡུལ་སྐོར་བ་མང་དུ་ཕྱིན་ཏེ་ང་ཚོའི་ཚོང་ཡང་ལེགས་སུ་འགྲོ་ཡི་རེད”ཅེས་ཡང་ཡང་འགྲེལ་བཤད་རྒྱག་གི་ཡོད། རྒན་རྒོན་གྱི་རྣ་ཤེད་ཞན་པས་ཁོང་ཚོས་རྣ་འགྲམ་དུ་བཅར་ནས་དལ་བུར་ཤོད་པ་དང་། དུད་ཚང་ལ་ལར་ཉིན་མོ་སྡོད་མཁན་མེད་པས་ཁོང་ཚོས་དགོང་མོ་སྒྲོག་འགྲེལ་བྱེད་པར་འགྲོ་ཡི་ཡོད། ངང་རྒྱུད་རིང་པོ་བྱས་པར་ཡིད་ཆེས་ཐོབ་ཅིང་། ཉིན་45ཡི་རིང་པེ་ཅིང་ཤར་ལམ་གྱི་སྒྱུར་བཀོད་ལེགས་གྲུབ་དང་ཉིན་14ཡི་རིང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་ལྷ་ས་ཡན་ལག་ཚོགས་རའི་གར་སྟེགས་བསྐྲུན་པའི“གནའ་གྲོང་གི་མྱུར་ཚད”དེ་ནི་ཉིན་མཚན་གྲངས་མེད་ཀྱིས་སྒོ་རྡུང་བ་དང་གླེང་མོལ་བྱས་པ་ལས་བྱུང་བ་ཞིག་རེད།

    “སྡེ་ཁུལ་གྱིས་བརྡ་གཏོང་བ་དང་སྡེ་ཚན་གྱིས་འབྱོར་ཐོ་འགོད་པའི”ལམ་སྲོལ་ཡང་གནའ་གྲོང་དུ་གཏིང་ཟབ་ཏུ་ཕྱིན་ཞིང་། “ཞོགས་ཇའི་གྲོས་ཚོགས”དང“གྲོང་མིའི་གྲོས་དོན་ཁང”བརྒྱུད་སྨན་བཅོས་འགན་བཅོལ་དང་སྡོད་ཁང་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཁག་30ལྷག་ཙམ་མིག་གིས་མཐོང་སར་ཐག་གཅོད་བྱས་པ་རེད། སྤྱོད་ཚུལ་ལེགས་སུ་སོང་བ་དེ་ནི་ཞོགས་ཇ་ཕོར་པ་གང་དང་། གླེང་མོལ་ཐེངས་གཅིག བྱ་བ་དངོས་གཅིག་བཅས་ཀྱི་ཁྲོད་ནས་མངོན་གྱི་ཡོད།

    བཅོས་སྐྱོང་ཞིབ་ཚགས་བྱས་ནས་ཞི་མཐུན་གནའ་གྲོང་གི་འཆར་གཞི་གསར་པ་བཏིང་བ།

    བར་སྐོར་གནའ་གྲོང་ནི་ལྷ་སའི“མགྲོན་བསུ་ཁང”དང་གཉིས་སུ་མེད་པས། བཅོས་སྐྱོང་བྱེད་སྐབས་ཕར་ཆིན་རྒྱག་པ་ཇི་བཞིན་ཚགས་ཚུད་པོ་དགོས། བར་སྐོར་གནའ་གྲོང་ཏང་དོན་ཨུ་ལྷན་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ“ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་འགོ་ཚུགས་ཏེ་དགོང་མོའི་ཆུ་ཚོད་བཅུ་པའི་བར”རྒྱུན་རྣམ་ཅན་གྱི་སྐོར་གཡེང་ཁྱབ་གདལ་བཏང་བ་དང་། ཚན་ཁག་གི་ཁོངས་མིས་ཡུག་ཁུལ་གཅིག་གམ་གནས་གཅིག་འགན་གཙང་བླངས་ཏེ་ཉིན་ལྟར་སྐོར་གཡེང་བྱེད་ཀྱི་ཡོད། དེ་སྔོན་འཕྲུལ་སྒུལ་འཁོར་རིགས་ཀྱིས་ཁེངས་ཤིང་གུ་དོག་པའི་སྲང་ལམ་ནས། ད་ཆ་འཕྲུལ་སྒུལ་འཁོར་རིགས་600ལྷག་ཙམ་གོ་རིམ་ལྡན་པའི་ངང་མཐའ་འཁོར་གྱི་རླངས་འཁོར་འཇོག་སར་བཞག་པའི་བར་དང་། དེ་སྔོན་ཚོང་ཁང་གི་ཕྱི་རོལ་དུ་ཚོང་ཟོག་སྤུངས་པའི་རྣམ་པ་དེ“ཚོང་ཁང་ནང་གཙང་ཞིང་གྲལ་འགྲིག་པོའི་ངང་གཉེར་སྐྱོང”བྱེད་པའི་རྣམ་པར་གྱུར་པ། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཀྱི་གནས་སྐབས་འགྲུལ་པ་འབབ་ས་ཐོག་མ་དེ་བསྐྲུན་རྗེས་ཡུལ་སྐོར་བ་རླངས་འཁོར་དུ་སྡོད་པར་དེ་བས་བདེ་འཇགས་དང་སྟབས་བདེ་རུ་ཕྱིན་ཡོད་པ་རེད།

    འགྱུར་ལྡོག་དེ་དག་བྱུང་དོན་ནི“རྐང་ཐང་ལས་དོན་སྒྲུབ་ཐབས”མཐའ་འཁྱོངས་བྱས་པ་ཏེ། གནད་དོན་ཆུང་གྲས་རང་སར་མཐུན་སྦྱོར་དང་། སྤྱིར་བཏང་གི་གནད་དོན་ཉིན་དེ་གར་ཐག་གཅོད། གཙོ་གནད་གནད་དོན་དུས་བཀག་ལྟར་ཐག་གཅོད་བཅས་བྱས་པས་ཡིན། ན་ནིང་། བར་སྐོར་གནའ་གྲོང་ཏང་དོན་ཨུ་ལྷན་གྱིས་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆེད་དོན་ཚོགས་འདུ་ཐེངས་14འཚོགས་ཏེ་རིགས་ཁག་གི་གནད་དོན་164བསལ་བ་རེད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་སྔ་ནུབ་ཏུ། ཏང་དོན་ཨུ་ལྷན་གྱིས“ངས་གནའ་གྲོང་ལ་གཟི་བརྗིད་བསྣན”ཞེས་པའི་བྱ་སྤྱོད་སྤེལ་ནས། ལམ་བཟུང་གཉེར་སྐྱོང་གྱི་གནད་དོན་ཁྲི་1.9ལྷག་ཙམ་བཅོས་སྒྲིག་དང་། སྐོར་སྐྱོད་ཚོང་པ་མི་ཐེངས་ཁྲི་4.5ལྷག་ཙམ་ལ་གཙང་བཤེར། སྒྲིག་འགལ་སྐྲུན་དངོས་སྨི་ངོས་གྲུ་ཁྲི་1.5ཙམ་བཤིག་པ་བཅས་བྱས་ནས། གཙང་སྦྲ་དོད་ཅིང་གོ་རིམ་ལྡན་པའི་གནའ་གྲོང་གི་རྣམ་པའི་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དང་གྲོགས་པོར་བསུ་བ་ཞུས་པ་རེད།

    བརྟན་ལྷིང་སྲུང་སྐྱོང་ཐད། བར་སྐོར་གནའ་གྲོང་ཏང་དོན་ཨུ་ལྷན་གྱིས་སྔོན་འགོག་ཚོད་འཛིན་མ་ལག་གནད་སྨིན་དོན་འཁྱོལ་བྱས་ཏེ། ལོ་འཁོར་མོར་མི་ཐེངས་3200ལྷག་ཙམ་གྱི་སྟོབས་ཤུགས་སྣ་ཚོགས་བཏང་ནས། བྱེད་སྒོ་གལ་ཆེན་མང་པོའི་བདེ་སྲུང་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་ཏེ་གནའ་གྲོང་གི་ཞི་མཐུན་དང་བདེ་འཇགས་འགན་ལེན་བྱས་ཡོད། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པར་བརྟེན་ནས། 2025ལོར་འགལ་བ་དང་རྩོད་གཞི་ཁག་355གྲལ་བཤེར་ཐག་གཅོད་བྱས་པ་དང་དེའི་ཁྲོད་99%གཞི་རིམ་དུ་ཐག་གཅོད་གང་ལེགས་ཐུབ་ནས། ཁྲོམ་གཞུང་དང་སྲང་ལམ་གང་སར་དྲོ་སྐྱིད་དང་ཞི་མཐུན་གྱི་རྣམ་པས་ཕྱུག་ཡོད།

    སྤྱོད་ཚུལ་འཛུགས་སྐྱོང་ནི་ངང་རྒྱུད་རིང་པོའི་ཁྲིད་སྟོན་བྱེད་ཐེངས་རེ་རེ་དང་ལས་དོན་དངོས་སྒྲུབ་ཐེངས་རེ་རེའི་ནང་འདུས་ཡོད། བར་སྐོར་གནའ་གྲོང་ཏང་དོན་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས“འཐབ་ས་དང་པོའི་ལས་དོན་སྒྲུབ་ཐབས”སྣེ་ཁྲིད་དེ་ལག་ལེན་བསྟར་ནས། གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལ་སྐུལ་འདེད་བཏང་སྟེ། ཁྲོམ་གཞུང་གི་དོན་དག་15གོང་རིམ་སྡེ་ཚན་ནས་བསྒྲུབས་པ་དང་། “ཟ་མཁས་འཐུང་མཁས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ“གཞུང་གྲོན་གསུམ”རྒྱུན་མཐུད་གྲོན་ཆུང་བྱས་ཡོད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། བར་སྐོར་གནའ་གྲོང་ཏང་དོན་ཨུ་ལྷན་གྱིས་མུ་མཐུད་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ། གནའ་གྲོང་དེ་ཐུན་མོང་ཁྱིམ་གཞིས་ཀྱི་དཔེ་སྟོན་ཁུལ་དང་། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ། རིག་གནས་སྲུང་སྐྱོང་གི་རྒྱུན་འཛིན་ཁུལ། བདེ་སྐྱིད་འཚོ་བའི་བདེ་སྡོད་ཁུལ། རྒྱལ་སྤྱིའི་ཡུལ་སྐོར་གྱི་དམིགས་སའི་ཁུལ་བཅས་སུ་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།