རྟེན་མཛོད་ཁང་མཚམས་སྦྱོར་དུ་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་ལ་མྱོང་ཚོར་ཟབ་མོ་ཐུབ་པར་བྱས་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་མཛོད་ཁང་དུ་ཕེབས་རིམ་བཞིན་རིག་གནས་ཐོན་རྫས་བྱ་གཞག་གི་དོན་དེ་ནམ་ཡང་བསྙེལ་མེད།
ཁོང་གིས། “མིའི་རིགས་ཀྱི་ཤེས་དཔལ་སྲུང་སྐྱོང་དང་། རྒྱུན་འཛིན། ཞིབ་འཇུག འགྲེམས་སྟོན་བཅས་བྱེད་པའི་རྟེན་མཛོད་ཁང་གི་ནུས་པ་གལ་ཆེན་ལེགས་པར་བཏོན་ནས། ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་སྲུང་སྐྱོང་ཡག་པོ་བྱས་པའི་རྨང་གཞིའི་ཐོག་རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས”ཞེས་མངགས་བཅོལ་ཟབ་མོ་གནང་ཡོད།
གྲངས་གཞི་མང་པོ་ལས་གྲུབ་འབྲས་ལ་བདེན་དཔང་བྱས་ཡོད་པ་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་སུ་ཐོར་བཀོད་པའི་རྟེན་མཛོད་ཁང་7046ཟིན་ནས་ཆ་སྙོམས་མི་ཁྲི་20ལ་རྟེན་མཛོད་ཁང་རེ་ཡོད་པ་དང་། ལོ་ལྟར་སློབ་གསོའི་བྱེད་སྒོ་ཐེངས་ཁྲི་50ལྷག་ཙམ་སྤེལ་གྱི་ཡོད།
མིག་སྔར། རང་རྒྱལ་གྱི་རྟེན་མཛོད་ཁང་གི་བྱ་གཞག་ཉིན་རེ་བཞིན་འཐུས་སྒོ་ཚང་བའི་མ་ལག་དང་རྒྱུན་ཆད་མེད་པར་གསར་གཏོད་འཚོལ་ཞིབ་བྱས་པར་བརྟེན་ཀྲུང་ཧྭའི་འོད་སྟོང་འཕྲོ་བའི་ཤེས་དཔལ་འདི་ཉིད་མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་ནས་ཚོར་ཐུབ་པ་བྱུང་ཡོད།
ཧོ་ནན་རྟེན་མཛོད་ཁང་དུ། ཡུལ་སྐོར་བས་ལུས་ལ་སྲོལ་རྒྱུན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་ལྟ་སྐོར་ལ་འགྲོ་ཆོག་པ་མ་ཟད། མཉམ་འགུལ་ཁྲོད་ནས་ཀྲུང་གོའི་གུས་སྲོལ་དང་ཤེས་དཔལ་ཡང་ཚོར་ཐུབ་པ་དང་། ཀྲེ་ཅང་ཧྲེང་ཀྲོའུ་རུ་གནས་པའི་ཀྲེ་ཅང་ཟློས་གར་རྟེན་མཛོད་ཁང་གིས་ཆ་ལག་ཚང་བའི་འགྲེམས་སྟོན་དང་། ཁྲང་ཞི་རྩེ་གྲ་འཁྲབས་ཏེ་ཡུལ་སྐོར་བ་ཚོར་སྙན་ཞིང་འཇེབས་པའི་ཁྲང་ཞིའི་གཞས་གདངས་ཁྲོད་ནས་ཟློས་གར་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་དུ་འཇུག་གི་ཡོད། “རིག་དངོས་དང་། ལོ་རྒྱུས། རིག་གནས་བཅས་ལ་སྐད་ཆ་ཤོད་དུ་འཇུག་པའི”ཕུན་སུམ་ཚོགས་པའི་རིག་གནས་ཐོན་རྫས་འགྲེམས་ཚོགས་ཀྱི་ལས་རྣམ་ལས་ཀྲུང་ཧྭའི་རིག་གནས་ལ་འབྲེལ་འདྲིས་ཟབ་མོ་བྱུང་ཡོད།
འགྲེམས་ཚོགས་ཤིག་གིས་གྲོང་ཁྱེར་ལ་བཀྲག་མདངས་སྦྱིན་ནས“གོང་མའི་ཕོ་བྲང་ནང་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་པའི་ས་གཞིར་བཤམས་པའི་རིག་དངོས་ཤུལ་བཞག དཔེ་རྙིང་ནང་འཁོད་པའི་ཡིག་འབྲུ་བཅས་ཚང་མར་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད”ལ། བློ་རྩ་བརྟན་པོས་གསར་གཏོད་བྱས་པའི“ལུགས་བརྒྱའི་རྟེན་མཛོད་ཁང”གིས་ཀྱང་ཀྲུང་ཧྭའི་རིག་རྒྱུན་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྣན་ནས། “གསོན་ཤུགས་རྒྱས་པའི”རིག་དངོས་ལ་རིག་གནས་ཀྱི་རིན་ཐང་ལྡན་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་དེ་བས་ཐོན་ཐུབ་ཀྱི་ཡོད།
ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་གི“གནའ་རབས་ཀྲུང་གོའི”འགྲེམས་སྟོན་དང་། པའོ་ཅིའི་ལི་ཆས་རྟེན་མཛོད་ཁང་གི“ལི་ཆས་ཀྱིས་ཤེས་དཔལ་གཏོད་པའི”འགྲེམས་སྟོན་སོགས་ཀྱིས་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་ལྟད་མོ་བའི་ཡིད་དབང་བཀུག་སྟེ། རྒྱལ་ཁབ་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་བྱ་འབྲུག་དགུ་ཡི་ཞྭ་མོའི་འཁྱགས་སྒམ་སྦྱར་རིས་ཁོ་ན་བཙོངས་ཚད་ཁྲི་200ལས་བརྒལ་ཡོད། ཧྲང་ཧའེ་རྟེན་མཛོད་ཁང་གིས་གཉེར་བའི་རིག་གནས་འགྲེམས་སྟོན་ཞིག་གིས་གྲོང་ཁྱེར་གྱི་ཕྱོགས་བསྡུས་འཛད་སྤྱོད་སྒོར་དུང་ཕྱུར་350ལྷག་ཙམ་བྱེད་པར་སྐུལ་ཁྲིད་ཐུབ་ནས“འགྲེམས་སྟོན་ཞིག་གི་ཆེད་དུ་ཚང་མས་གྲོང་ཁྱེར་དེར་སྐྱོད་པའི”གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།
རྟེན་མཛོད་ཁང་གི་བརྗོད་དོན་གཙོ་བོའི་ཚོན་རིས་གནམ་གྲུ་ནས་རིག་གནས་བསམ་བཀོད་ཀྱི་ཚོར་སྣང་གསར་པའི་ཚོང་ཁང་བར་དང་། སྒྱུ་རྩལ་གྱི་དགའ་ནེའུ་དུས་ཆེན་ནས་གྲངས་འཛིན་རྟེན་མཛོད་ཁང་བར་རྟེན་མཛོད་ཁང་གིས་རིག་གནས་ཡུལ་སྐོར་དང་ཚོང་དོན་འགྲེམས་སྟོན་མཉམ་འདྲེས་ཀྱི་འཛད་སྤྱོད་རྣམ་པ་གསར་དུ་བཏོད་དེ་མི་ཆོས་ཀྱི་དཔལ་འབྱོར་རིག་པ་ལག་ལེན་བསྟར་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཡོད།
རིག་དངོས་རེ་རེ་ནི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པའི“གསེར་མདོག་གི་མིང་བྱང”ཞིག་ཏུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཕྱོགས་ཀྱི་མཛད་སྒོ་མང་པོར་རྟེན་མཛོད་ཁང“ཚོམས་ཆེན”དུ་བྱས་ནས་རིག་དངོས་འདི་ཉིད་ཀྲུང་ཕྱིའི་དབར་སྤེལ་རེས་བྱེད་པའི་ཕོ་ཉ་ལྟ་བུར་འགྱུར་བ་བྱེད་དགོས་པ་གསུངས་ཡོད།
“ཀྲུང་གོའི་ཐང་རྒྱལ་རབས་ཏེ། སྣ་མང་སྒོ་དབྱེའི་རྒྱལ་རབས(དུས་རབས་7པ་ནས་10པའི་བར)”ཞེས་པ་སོགས་ཀྱི་འགྲེམས་སྟོན་ཕྱི་རྒྱལ་དུ་བྱས་ནས་ཀྲུང་གོའི་རིག་དངོས་རེ་རེ་ལས་འཛམ་གླིང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་མཉམ་དུ་འཛམ་གླིང་ལ་ཀྲུང་ཧྭའི་ཤེས་དཔལ་གྱི་འོད་སྟོང་འཕྲོ་བར་བྱས་ཡོད། གོང་མའི་ཕོ་བྲང་རྟེན་མཛོད་ཁང་དང་ཀྲུང་གོ(ཧའེ་ནན)ལྷོ་རྒྱ་མཚོའི་རྟེན་མཛོད་ཁང་སོགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་མཉམ་འབྲེལ་ཐོག་གནའ་རྫས་རྟོག་ཞིབ་བྱས་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། སྤེལ་རེས་དང་མཉམ་ལས་ཐེངས་མང་བྱས་པ་བརྒྱུད། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བའི་འབྲེལ་ཟམ་དུ་གྱུར་ཡོད།
རྟེན་མཛོད་ཁང་མཚམས་སྦྱོར་དུ་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་ལ་མྱོང་ཚོར་ཟབ་མོ་ཐུབ་པར་བྱས་པ་མ་ཟད། ད་དུང་དེ་བས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།