ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཧྥེར་ནན་ཏེ་སི་ཁོ་སི་ཐ་རི་ཁའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལའོ་ལཱ·ཧྥེར་ནན་ཏེ་སིར་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཁོང་ཁོ་སི་ཐ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁོ་སི་ཐ་རི་ཁ་དབར་ཕྱི་འབྲེལ་བཙུགས་ནས་ལོ་18སོང་རིང་ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ནུས་ལྡན་ཕྱིན་ཡོད། ཀྲུང་གོ་དང་ཁོ་སི་ཐ་རི་ཁ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། དེ་ནི་དུས་ཀྱི་འཕེལ་ཕྱོགས་དང་མི་སེམས་གཏད་ཕྱོགས་ཤིག་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ངས་ཀྲུང་གོ་དང་ཁོ་སི་ཐ་རི་ཁ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་ཧྥེར་ནན་ཏེ་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བའི་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ཕན་བདེ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།