རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ས་གནས་ཁག་ལ་མཛུབ་ཁྲིད་བྱས་ནས།
དཔྱིད་གསར་དུས་ཆེན་གྱི་དམངས་འཚོའི་ཚོང་ཟོག་གཙོ་བོ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱས་པ།
ཉེ་ཆར། དཔྱིད་གསར་དུས་ཆེན་གྱི་དམངས་འཚོའི་ཚོང་ཟོག་གཙོ་བོ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བརྡ་ཐོ་བཀྲམ་སྟེ་ས་གནས་ཁག་གིས་ཐོན་སྐྱེད་མཁོ་སྤྲོད་ལ་དམ་འཛིན་དང་། ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་ཡག་པོ་བྱེད་པ། “ཤ་ཚལ་སྒོང་གསུམ”དང་འབྲུ་རིགས་སོགས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱས་ནས་དམངས་འཚོའི་མཐའ་ཚད་ཐ་སྐྱོང་ཏན་ཏིག་ཡོང་བར་མཛུབ་ཁྲིད་བྱས་པ་རེད། ཟླ་2ཚེས་6ཉིན། གྲོང་ཁྱེར་ཆེ་འབྲིང་36གི་སྔོ་ཚལ་སྣ་ཁ་15ཡི་ཆ་སྙོམས་སིལ་ཚོང་རིན་གོང་རྒྱ་མ་རེར་སྒོར་4.36ཡིན་པ་དེ་ཟླ་བ་དང་པོའི་ཟླ་སྨད་ཀྱི་རིན་གོང་མཐོ་ཤོས་ལས་1.8%ཆག་ཡོད་པ་རེད།
ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱས་ཤིང་། པེ་ཅིང་གྲོང་ཁྱེར་གྱིས་ཐོན་སྐྱེད་དང་། མཁོ་སྤྲོད། གྲབས་གསོག ཕྱིར་ཚོང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་དམིགས་ཏེ“མཁོ་སྤྲོད་བརྟན་པོར”བརྟེན་ནས“རིན་གོང་བརྟན་པོ”ཡོང་བར་སྐུལ་འདེད་བཏང་བ་དང་། ས་གནས་དེ་གའི་སྔོ་ཚལ་ཐོན་སྐྱེད་ལ་དམ་འཛིན་དང་ཟོག་ཁུངས་སྒྲིག་འཛུགས་ཧུར་ཐག་བྱས་པ། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་གཙོ་བོར་སྔོ་ཚལ་སོགས་ནང་འདྲེན་བྱེད་ཚད་མང་དུ་བཏང་ཡོད། ཁྲུང་ཆིང་གྲོང་ཁྱེར་གྱིས་ཐུང་ནན་དང་ཐུང་ལེང་སོགས་ཆུས་དང་རྫོང་གི་མུའུ་ཁྲི་30ཡི་མྱུར་འཚར་སྔོ་ཚལ་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་རྟེན་གཞི་དང་བཟོ་གྲྭ་ཅན་གྱི་སྔོ་ཚལ་དང་བཟའ་བཅའི་ཤ་མོའི་ཐོན་སྐྱེད་རྟེན་གཞི་ཁག་གཅིག་གི་ནུས་པ་གང་ལེགས་བཏོན་ཏེ་ལྟེ་བའི་གྲོང་ཁུལ་གྱི་དུས་ཚིགས་རང་བཞིན་དང་ཐོལ་བྱུང་རང་བཞིན་གྱི་མཁོ་སྤྲོད་ཁ་ཐང་བའི་གནད་དོན་སྤྱིར་ན་ཐག་གཅོད་བྱས་ཡོད།
འཁོར་རྒྱུག་གི་ལྷུ་ཚིགས་ཤར་གཏོང་བྱས་ནས་གྲབས་གསོག་ལམ་ལུགས་དོན་འཁྱོལ་བྱས་ཤིང་། ཧྲན་ཏུང་ཞིང་ཆེན་གྱིས་ཟོག་ཁུངས་སྒྲིག་འཛུགས་དང་། ལྟ་ཞིབ་ཚད་ལེན་དང་བཀོད་སྒྲིག གྲབས་གསོག་སྙོམས་སྒྲིག་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་མཁོ་སྤྲོད་འགན་ལེན་ཁེ་ལས་ཀྱིས་ཉིན་བཞི་འདང་བའི་སྔོ་ཚལ་མཛོད་ཉར་བྱས་ནས་ཕྱིར་འཚོང་ཐུབ་པའི་འགན་ལེན་བྱས་ཏེ་དུས་ཆེན་དང་རྒྱུན་གཏན་གྱི་འཛད་སྤྱོད་དགོས་མཁོ་སྐོང་རྒྱུ་ཡིན་པ་དང་། ཅི་ནན་གྲོང་ཁྱེར་དང་ཆིང་ཏའོ་གྲོང་ཁྱེར་གྱིས་སྲིད་གཞུང་གིས་གྲབས་གསོག་བྱས་པའི་ཤ་ཚལ་ཏུན་ཁྲི་3.5ལྷག་ཙམ་འདོན་སྤྲོད་བྱ་རྒྱུ་དང་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད། ཧའེ་ནན་ཞིང་ཆེན་གྱིས་མཁོ་སྤྲོད་ཐབས་ལམ་སྣ་མང་བཏོན་པ་དང་ཤ་ཚལ་སྒོང་གསུམ་ཚོགས་པ་སོགས་གཙོ་གནད་ཁེ་ལས་དང་ཧུའུ་པེ་སོགས་ཐོན་ཁུལ་དབར་དུས་ཡུན་རིང་འབྲིང་གི་མཁོ་སྤྲོད་འགན་ལེན་གྱི་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་བཏང་ནས་ཁྲོམ་རའི་སྙོམས་སྒྲིག་ནུས་པ་ཆེ་རུ་བཏང་ཡོད།
ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་རིན་གོང་བརྟན་པོ་ཡོང་བར་བྱས་ཤིང་། པེ་ཅིང་གྲོང་ཁྱེར་གྱིས་དམངས་འཚོའི་ཚོང་ཟོག་གཙོ་བོའི“ཉིན་རེའི་ལྟ་ཞིབ་ཚད་ལེན་དང་སྙན་ཞུའི”ལམ་སྲོལ་དོན་འཁྱོལ་བྱས་ནས་དུས་ཆེན་རིང་གི་འཛད་སྤྱོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་འབྲུ་རིགས་དང་། བཟའ་སྣུམ། ཤ སྒོ་ང་། སྔོ་ཚལ་སོགས་ཀྱི་གྲངས་འབོར་དང་རིན་གོང་ལ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་འགྱུར་ལྡོག་མི་འདྲ་བ་ཤེས་རྟོགས་བྱུང་ཚེ་འཕྲལ་དུ་ཐག་གཅོད་ཡག་པོ་བྱ་རྒྱུ་རེད། ཁྲུང་ཆིང་གྲོང་ཁྱེར་གྱིས་དུས་ཆེན་རིང་གི་འཛད་སྤྱོད་ཀྱི་ཁྱད་ཆོས་ལ་དམིགས་ནས། འབྲུ་རིགས་དང་། སྣུམ། ཤ སྒོ་ང་། འོ་མ། སྔོ་ཚལ། ཤིང་འབྲས་སོགས་རིགས་ཆེན་པོ་བཅུ་གཉིས་ཀྱི་སྣ་ཁ་45ལ་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་ཏེ་མཁོ་ཚོང་དང་རིན་གོང་འགྱུར་ལྡོག་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་པ་རེད། ཧའེ་ནན་ཞིང་ཆེན་གྱིས་ཁྲོམ་རའི་རིན་གོང་གི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱས་ཏེ་དུས་ཆེན་གོང་གི་གཙོ་གནད་ས་ཁོངས་དང་གཙོ་གནད་ལས་རིགས་ཀྱི་རྒྱུན་གཏན་གྱི་སྐོར་ཞིབ་ཞིབ་བཤེར་བྱེད་ཚད་མང་དུ་བཏང་ནས། རིན་གོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས་དུས་ཆེན་རིང་གི་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
དེ་དང་ཆབས་ཅིག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། དམངས་སྲིད་པུའུ། ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐ་སྐྱོང་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། རྒྱུན་རྣམ་ཅན་གྱི་དབུལ་ལོག་དབུལ་ཕོངས་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་དང་འཁོར་རྒྱུག་ཡག་པོ་བཅས་བྱས་ཡོད། མ་མཐའི་འཚོ་བའི་འགན་ལེན་སོགས་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་སྔོན་ལ་སྤྲོད་རྒྱུར་སྐུལ་མ་བཏང་བ་དང་དུས་ཆེན་ལ་འཚམས་འདྲི་ཧུར་ཐག་བྱེད་པར་ལྕག་སྐུལ་བྱས་པ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བ་དང་ཟུང་འབྲེལ་གྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས་ཆ་རྐྱེན་འཛོམས་ཚེ་དུས་ཐོག་ཏུ་ལག་བསྟར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།