ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་བློ་མཐུན་ཏུང་དབྱིས་ཅུན་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་རྗེས་སྤྲོད་བྱས་པ།
ཉིན་ཤས་གོང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྤྱི་ཚོགས་ཡོངས་ལ་བློ་མཐུན་ཏུང་དབྱིས་ཅུན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་ཡོངས་བསྒྲགས་བྱས་ནས། ཁོང་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་རྗེས་སྤྲོད་བྱས་པ་རེད།
ཏུང་དབྱིས་ཅུན་དང་། སྐྱེས་པ། རྒྱ་རིགས། 1967ལོའི་ཟླ་10པར་སྐྱེས། པེ་ཅིང་གྲོང་ཁྱེར་གྱི་མི་ཡིན་པ། ཀྲུང་གུང་ཏང་ཡོན། འཚོ་བཞུགས་སྐབས་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ། འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག(འགྲིམ་འགྲུལ་དོ་དམ་ཅུས)གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་རུ་དཔོན(ཅུས་ཀྲང)བཅས་རེད། ཁོང་གིས་རང་རྟོགས་ངང་རྒྱལ་སའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་བ་དང་རྒྱལ་སའི་དགེ་སྒྲུབ་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་ཉེན་རྟོག་པ་དཀྱུས་མ་ཞིག་གམ་ཡང་ན་འགོ་ཁྲིད་ཀྱི་ལས་གནས་ཐོག་ཡོད་པ་སོགས་གང་ཞིག་ཡིན་རུང་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་གནས་བབ་མཐོ་ཤོས་སུ་བཞག་སྟེ། གོམས་སྟབས་ལ་བརྟེན་ནས་དམངས་ཀྱི་གནས་ཚུལ་རྟོགས་པ་དང་དངོས་སྒྲུབ་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་བསལ་ཏེ་མི་དམངས་སྤྱི་བདེའི་བྱ་གཞག་ལ་ཚེ་གང་ལེགས་སྐྱེས་ཕུལ་ཡོད་ལ། རྒྱལ་སའི་བདེ་འཇགས་བརྟན་ལྷིང་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བར་ལེགས་སྐྱེས་མངོན་གསལ་དོད་པོའང་ཕུལ་ཡོད། ཁོང་གིས་ཁྲིམས་སྒྲིག་ནན་སྲུང་དང་གཞུང་དྲང་སྤྱོད་གཙང་གི་ཐོག་ནས“ངའི་ཉེན་རྟོག་པའི་ལས་ཀར་ནོར་འཁྲུལ་ཕྲན་བུ་ཙམ་ཡང་ཤོར་མི་རུང་བ”མཐའ་འཁྱོངས་བྱས་ཏེ་ཚན་ཁག་ལ་དམ་འཛིན་དང་། དཔུང་ཁག་གི་སྣེ་ཁྲིད། ཡ་རབས་ཚུལ་ལྡན་བཅས་ཀྱི་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་ཁྱིམ་སྲོལ་བཟང་པོ་ཆགས་པར་སྣེ་ཁྲིད་བྱས་ནས་རྒྱལ་སའི་སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པར་མིག་དཔེ་བཏོན་ཡོད། གློ་བུར་དུ་ནད་གཞི་ཕོག་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་བློ་མཐུན་ཏུང་དབྱིས་ཅུན་2025ལོའི་ཟླ་10ཚེས་21ཉིན་སྟབས་མ་ལེགས་པར་ཚེ་ལས་འདས་པ་དང་སྐུ་གཤེགས་དུས་ལོ་58ཡིན་པ་རེད། ཁོང་ལ“རྒྱལ་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོ་དཔེ་བཟང་བ”སོགས་ཀྱི་མཚན་སྙན་ཐོབ་པ་དང་མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་ཐེངས་2གཟི་བརྗིད་ངང་བཞག་ཡོད་པ་རེད།
“དུས་རབས་ཀྱི་མིག་དཔེའི”ཡོངས་བསྒྲགས་མཛད་སྒོའི་ཐོག 《བློ་མཐུན་ཏུང་དབྱིས་ཅུན་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་གཏན་འབེབས》སྒྲོག་སྦྱངས་བྱས་པ་དང་ཁོང་གི་སྔོན་ཐོན་བྱས་རྗེས་མཚོན་པའི་བརྙན་ཐུང་བསྟན་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་འགན་འཁུར་བློ་མཐུན་གྱིས་བློ་མཐུན་ཏུང་དབྱིས་ཅུན་གྱི་གཉེན་ཉེར“དུས་རབས་ཀྱི་མིག་དཔེའི”གཟེངས་རྟགས་དང་ལག་ཁྱེར་སྤྲད་པ་རེད།
ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་། སྤྱི་བདེ་པུའུ། པེ་ཅིང་གྲོང་ཨུད་བཅས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་། འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པ། རྒྱལ་སའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་ཀྱི་འཐུས་མི་བཅས་ཡོངས་བསྒྲགས་མཛད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།