ཉི་ནུས་ཀྱིས་མཚོ་གླིང་གྲོང་ཚོར་གློག་འོད་སྦྱིན།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སློབ་མ་ཀྲུང་ཧྥེའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང“ཨ་ཧྥེ་རི་ཁའི་འོད་ཞགས”ཀྱི་མཐོ་རིམ་ཞིབ་བསྡུར་འཛིན་གྲྭར་ཞུགས་བཞིན་པ།

ཀྲུང་གོ་ཕྱོགས་ཀྱི་ལས་དོན་པས་སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཡི་ལས་དོན་པར་ལག་རྩལ་གསོ་སྦྱོང་དང་སྒྲིག་སྦྱོར་མཛུབ་ཁྲིད་བྱེད་བཞིན་པ།(སྐྱེ་ཁམས་ཁོར་ཡུག་པུའི་ཕྱི་ཕྱོགས་མཉམ་ལས་དང་སྤེལ་རེས་ལྟེ་གནས་ཀྱིས་མཁོ་འདོན་བྱས་པ)

སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཡི་ལས་དོན་པས་ཡུལ་མིའི་ཁང་པའི་ཐོག་ཁར་ཉི་ནུས་ཤེལ་ལེབ་སྒྲིག་སྦྱོར་བྱེད་བཞིན་པ།(སྐྱེ་ཁམས་ཁོར་ཡུག་པུའི་ཕྱི་ཕྱོགས་མཉམ་ལས་དང་སྤེལ་རེས་ལྟེ་གནས་ཀྱིས་མཁོ་འདོན་བྱས་པ)

མཚོ་འགྲམ་གྲོང་ཚོའི་ཡུལ་མི་སངས་ཏི་སི་ཡིས་ཉ་འཛིན་པར་སྐྱོད་བཞིན་པ།

མཚོ་འགྲམ་གྲོང་ཚོའི་ཡུལ་མིའི་ཁང་པའི་ཐོག་ཁར་སྒྲིག་སྦྱོར་བྱས་པའི་ཉི་ནུས་ཤེལ་ལེབ་ཡིན་པ།
2023ལོའི་ཟླ་9པར། ཀྲུང་གོས་ཨ་ཧྥེ་རི་ཁའི་གནམ་གཤིས་དབུ་ཚོགས་སྐབས་དང་པོའི་ཐོག“ཨ་ཧྥེ་རི་ཁའི་འོད་ཞགས”རྣམ་གྲངས་སྤེལ་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། འོད་ཤུགས་ལག་རྩལ་རོགས་སྐྱོར་དང་ནུས་རྒྱུ་གཙང་མའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད་ཨ་ཧྥེ་རི་ཁའི་ཁྱིམ་ཚང་ཁྲི་5ཙམ་གྱི་གློག་སྤྱོད་གནད་དོན་སེལ་རོགས་བྱ་རྒྱུའི་འཆར་གཞི་བཀོད་པ་རེད།
ཁོ་ལུའོ་ཉི་ཡ་གྲོང་ཚོ་ནི་མཚོ་འགྲམ་དུ་གནས་པས“མཚོ་འགྲམ་གྲོང་ཚོ”ཞེས་འབོད་ཀྱི་ཡོད། གྲོང་ཚོའི་ཤིང་ཁང་གི་བཟོ་ལྟ་དང་བཟོ་སྐྲུན་སྟབས་བདེ་བ་དང་། ཁང་པའི་འོག་ཤོད་མང་ཆེ་བར་ཞིང་ལས་ཡོ་ཆས་དང་དངོས་ཟོག་ཙག་ཙིག་འཇོག་གི་ཡོད་པ་དང་། ཐོག་སོ་མཐོ་སར་ཤིང་གིས་གྱང་བླངས་པ་དང་ཐོག་ཁར་ལྕགས་ཤོག་བཀབ་ཡོད། ཁང་པའི་ཐོག་ཁར་གསར་དུ་བཙུགས་པའི་ཉི་ནུས་ཤེལ་ལེབ་ཀྱིས་ཉི་འོད་འོག་མིག་འཚེར་བའི་འོད་འཕྲོས་ནས་གྲོང་ཚོའི་མངོན་གསལ་དོད་པའི་དེང་རབས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
ཁོ་ལུའོ་ཉི་ཡ་གྲོང་ཚོར་དུད་ཚང་24ལས་མེད་པས་གློག་དྲ་འབྲེལ་མཐུད་བྱེད་པར་ནུས་གོང་གཉིས་གཉིས་བསྡུར་གྱི་རིན་ཐང་མེད་པ་དང་དེ་སྔ་གློག་ཤར་གཏོང་ཐུབ་མྱོང་མེད་པ་རེད། “ཨ་ཧྥེ་རི་ཁའི་འོད་ཞགས”རྣམ་གྲངས་ཀྱིས་མཁོ་འདོན་བྱས་པའི་ཉི་ནུས་འོད་ཤུགས་སྒྲིག་ཆས་ལས་གློག་དྲ་གཙོ་བོས་སྦྲེལ་ཐབས་བྲལ་བའི་ཐག་རིང་ལུང་ཁུག་ས་ཁུལ་དུ་རང་གྲུབ་རྣམ་པའི་ཉི་ནུས་མ་ལག་བརྒྱུད་བརྟན་ལ་གོང་ཚད་ཁེ་བའི་གློག་ཤུགས་མཁོ་འདོན་ཐུབ་ནས་སྡེ་ཁུལ་གྱི་གཞི་རྩའི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད། 2025ལོའི་ཟླ་8པར། ཀྲུང་གོའི་ལག་རྩལ་མི་སྣས་ཉི་ནུས་ཤེལ་ལེབ་དང་ལྡོག་འགྱུར་ཡོ་ཆས་སོགས་སྒྲིག་ཆས་ཁྱེར་ནས་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་ཚང་མར་ཉི་ནུས་འོད་ཤུགས་གློག་གཏོང་མ་ལག་སྒྲིག་སྦྱོར་བྱས་པ་རེད། དུས་དེ་ནས་བཟུང་། ཡུལ་མི་ཚོས་ལོ་མང་རིང་རེ་སྒུག་བྱས་པའི“གློག་ཡོད་པའི”འཚོ་བར་རོལ་ཐུབ་པ་བྱུང་ཡོད།
“ཨ་ཧྥེ་རི་ཁའི་འོད་ཞགས”རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་ནས་ད་བར་སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཡི་ཁྱིམ་ཚང་200ལྷག་ཙམ་ལ་ཉི་ནུས་འོད་ཤུགས་གློག་གཏོང་མ་ལག་སྒྲིག་སྦྱོར་བྱས་ཡོད། སྔོན་དཔག་བྱས་ན། ད་ལོའི་ཟླ་5པའི་བར། རྣམ་གྲངས་དེ་སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཡི་སྡེ་ཁུལ་37གྱི་ཁྱིམ་ཚང་924ལ་ཁྱབ་རྒྱུ་ཡིན་པ་རེད།
2025ལོའི་ཟླ་8པའི་བར་ཀྲུང་གོས་ཆ་ཏེ་དང་། སོ་ཐོ་མེ་དང་ཕུ་རིན་སི་ཕེ། ཐོ་ཀོ། པུ་རུན་ཏི། ཀ་པོན། ནི་ཀྲེ་རི་ཡ། སེ་ཧྲེར་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་7དང་མཉམ་ལས་བྱས་ཏེ་ཉི་ནུས་གློག་འདོན་སྒྲིག་ཆས་ཆ་ཚང་ཁྲི་2ཙམ་རིན་མེད་ངང་རོགས་སྐྱོར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།