འཛམ་གླིང་ཡང་རྩེ་རུ་མཛེས་སྡུག་ལྡན་པའི་སའི་གོ་ལ་སྲུང་བ།
“བར་དབོན་སྒང་འཁྱོག་ཐིག”གིས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཐད་ཀྱི་ཀྲུང་གོའི་འགན་འཁྲི་འཁུར་སེམས་ལ་བདེན་དཔང་བྱེད་པ།

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དར་ལྷ་ཐང་གི་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་གི་འོད་ཤུགས་གློག་ཁང་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞེ་ཐུང་ཆང་གིས་པར་བརྒྱབ)
མཚོ་བོད་ས་མཐོའི་ས་བབ་སྨི་3816ཟིན་པའི་བར་དབོན་སྒང་རི་སྟེང་དུ་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོའི་དབུས་རྒྱུད་ཀྱི་སྐམ་སའི་རང་བཞིན་གྱི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྨང་གཞིའི་ས་ཚིགས་འབའ་ཞིག་སྟེ། བར་དབོན་སྒང་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྨང་གཞིའི་ས་ཚིགས་སྤྱོད་འགོ་ཚུགས་ནས་ལོ་30ལྷག་ཙམ་སོང་ཡོད། ས་ཚིགས་དེ་ནས་ལྟ་ཞིབ་ཚད་ལེན་ཐུབ་པའི་གྲངས་གཞི་དང“བར་དབོན་སྒང་འཁྱོག་ཐིག”དེ་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲོད་ཁང་རླུང་གཟུགས་སྤྱི་བསྒྲགས་ནང་རྒྱུན་མཐུད་བཅུག་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་འཕེལ་ཕྱོགས་མཚོན་པའི་ཚན་རིག་གི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།
2025ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་སྒྲོན་སྐབས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་ནི་ཁ་ཚ་དགོས་གཏུགས་དང་ཡུན་རིང་གི་ལས་འགན་ཞིག་རེད་ཅེས་ནན་བཤད་གནང་ཡོད། ང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རེ་འདོད་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ང་ཚོའི་ཐུན་མོང་གི་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱེད་དགོས།
ས་མཐོར་གཞི་ཚུགས་ནས་གོ་ལ་ཧྲིལ་པོར་ལྟ་བ་དང་། དུས་བབ་ལ་གཞིགས་ནས་འཛམ་གླིང་ཡོངས་ལ་ཕན་པ་སྐྲུན་དགོས། 2026ལོའི་ཟླ་2ཚེས་1ཉིན་ནས། 《མཚོ་སྔོན་ཞིང་ཆེན་བར་དབོན་སྒང་གི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྨང་གཞིའི་ས་ཚིགས་སྲུང་སྐྱོང་སྐོར་གྱི་གཏན་འབེབས་འགའ་ཞིག》དངོས་སུ་ལག་ལེན་བསྟར་བ་དེ་ཐོག་ནས་བར་དབོན་སྒང་ས་ཚིགས་ཀྱི་ཚན་རིག་རིན་ཐང་ལ་ས་གནས་ཁྲིམས་སྲོལ་གྱི་བརྒྱུད་རིམ་རང་བཞིན་གྱི་འགན་སྲུང་ཐོབ་པ་མཚོན་གྱི་ཡོད་པ་རེད། ལྟ་ཞིབ་ཚད་ལེན་གྱི་སྟོང་ཆ་གསབ་པ་ནས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལམ་བུ་ཟིན་ཐོར་འགོད་པའི་བར། རི་མཐོན་པོའི་རྩེ་མོ་བར་དབོན་སྒང་ས་ཚིགས་ཀྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ནང་ཞུགས་པའི་རང་རྒྱལ་གྱི་རང་འགུལ་གྱི་འགན་འཁྲི་འཁུར་སེམས་ལ་བདེན་དཔང་བྱས་ཡོད།
མཚོ་བོད་ས་མཐོར་སའི་གོ་ལའི་རླུང་ཁམས་ཆེན་པོའི་འགྱུར་ལྡོག་ཟིན་ཐོར་བཀོད་པ།
ལོ་30ལྷག་ཙམ་རིང་རྒྱུན་ཆད་མེད་པའི་ལྟ་ཞིབ་ཚད་ལེན་བྱས་པར་བརྟེན་བར་དབོན་སྒང་ས་ཚིགས་ཀྱིས་རྒྱུན་མཐུད་དང་ཡུན་རིང་གི་རླུང་ཁམས་ཆེན་པོའི་དབྱང་གཉིས་ཐཱན་འགྱུར་གར་ཚད་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསོག་འཇོག་བྱས་ཡོད་པ་རེད། དེ་གཞིར་བཟུང་བྲིས་པའི་འགྱུར་ལྡོག་འཁྱོག་ཐིག་སྟེ“བར་དབོན་སྒང་འཁྱོག་ཐིག”ནས་རླུང་ཁམས་ཆེན་པོའི་དབྱང་གཉིས་ཐཱན་འགྱུར་གྱི་ཟླ་རེའི་ཆ་སྙོམས་གར་ཚད་ཀྱི་ཡུན་རིང་གི་འགྱུར་ལྡོག་མཚོན་པ་དང་ཨ་རིའི་ཤཱ་ཝེ་དབྱི་མའོ་ནཱ་ལུའོ་ཡའི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྨང་གཞིའི་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་འབྲས་བུ་དང་ཚད་མཐོའི་གཅིག་མཐུན་་ཡིན་པ་རེད།
གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྨང་གཞིའི་ས་ཚིགས་གཉིས་ནས་གཅིག་གིས་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོའི་དབུས་ཁུལ་མཚོན་པ་དང་། གཅིག་གིས་ཞི་བདེ་རྒྱ་མཚོ་ཆེན་པོའི་རྒྱ་མཚོ་རྣམ་པའི་ས་ཁོངས་མཚོན་གྱི་ཡོད། སྐམ་ས་དང་རྒྱ་མཚོ་སྒྲོལ་བའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་དྲོད་ཁང་རླུང་གཟུགས་གཙོ་བོའི་གཞི་རྩའི་གར་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བའི་འཕེལ་ཕྱོགས་ར་སྤྲོད་བྱས་ཏེ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་ལ་འགག་རྩ་དང་གོ་ལ་ཧྲིལ་པོའི་མཚོན་བྱེད་རང་བཞིན་ལྡན་པའི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
བར་དབོན་སྒང་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ཐོབ་པ་ནི་སྟེས་དབང་ཞིག་མིན། དུས་རབས་20པའི་ལོ་རབས་80པར། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་གཞི་རྩའི་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་སྐྲུན་བྱེད་སྐབས། སྐམ་སའི་དབུས་ཁུལ་རྣམ་པའི་ས་ཚིགས་མངོན་གསལ་གྱིས་འདང་གི་མེད་པ་རེད། འགག་རྩའི་སྟོང་ཆ་དེ་སྐོང་ཆེད། རེས་སྐོར་མང་པོའི་བརྟག་དཔྱད་དང་རིགས་པས་ཁུངས་སྐྱེལ་བྱས་རྗེས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་བར་དབོན་སྒང་གི་ས་བབ་ཁེར་རྐྱང་དང་ཁོར་ཡུག་གི་འགལ་རྐྱེན་ཆུང་བ་མ་ཟད། གཞི་རྩའི་འགན་སྲུང་ཆ་རྐྱེན་འཛོམས་པས་མཐར་སྐམ་ས་ཆེན་པོའི་རང་བཞིན་གྱི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྨང་གཞིའི་ས་ཚིགས་བསྐྲུན་རྒྱུར་བདམས་པ་རེད།
“བར་དབོན་སྒང་ས་ཚིགས་ཀྱི་ཚན་རིག་རིན་ཐང་དེ་ཡུན་རིང་དང་། རྒྱུན་མཐུད། ཞིབ་ཚད་མཐོ་བའི་ལྟ་ཞིབ་ཚད་ལེན་གྱི་ནུས་པའི་ཐད་ནས་མངོན་གྱི་ཡོད”ཀྲུང་གོ་གནམ་གཤིས་ཅུས་གནམ་གཤིས་འཚོལ་ཞིབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྲའོ་ནན་གྱིས། སའི་གོ་ལའི་བྱང་ཕྱེད་མའི་འཕྲེད་ཐིག་འབྲིང་གི་སྐམ་སའི་དབུས་ཁུལ་གྱི་མཚོན་བྱེད་གལ་ཆེན་ཞིག་ཡིན་པའི་ངོས་ནས་དེའི་གྲངས་གཞིས་རླུང་ཁམས་ཆེན་པོའི་གཞི་རྩའི་གནས་ཚུལ་དང་འགྱུར་ལྡོག་གི་འཕེལ་ཕྱོགས་ཇི་མ་ཇི་བཞིན་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།
དེ་འདྲ་ཡིན་པའི་དབང་གིས་ཇི་ལྟར་བྱས་ནས་སའི་གོ་ལའི་རླུང་ཁམས་ཆེན་པོའི་འགྱུར་ལྡོག་ཟིན་ཐོར་བཀོད་པའི“བར་དབོན་སྒང་གི་འཁྱོག་ཐིག”སྲུང་སྐྱོང་ཡག་པོ་བྱེད་པ་དེ་ས་མཐོའི་དོན་དངོས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཏུ་གྱུར་ཡོད་ལ། མཚོ་སྔོན་གྱིས་ལམ་ལུགས་ཇུས་འགོད་དང་ལག་ལེན་གྱི་འཚོལ་ཞིབ་ཐད་རྒྱུན་མཐུད་འབད་བརྩོན་བྱས་པ་ཡང་མངོན་གྱི་ཡོད་པ་རེད།
གནད་སྨིན་ལྟ་ཞིབ་ཚད་ལེན་བྱ་ཆེད་སྐྱེ་ཁམས་ཀྱི་སྲུང་བཅད་བརྟན་པོ་བཙུགས་པ།
ཞིབ་ཚད་མཐོ་བའི་རླུང་ཁམས་ཆེན་པོའི་རྨང་གཞིའི་ལྟ་ཞིབ་ཚད་ལེན་བྱེད་པར་སྔོན་ཐོན་གྱི་དཔྱད་ཆས་ལ་བརྟེན་དགོས་ལ། བརྟན་པོ་དང་། དྭངས་གཙང་། རྒྱུན་མཐུད་ཆོག་པ་བཅས་ཀྱི་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་ལའང་བརྟེན་དགོས། བར་དབོན་སྒང་ས་ཚིགས་ཀྱི་ངོས་ནས་བརྗོད་ན། མིས་བཟོས་པའི་འགལ་རྐྱེན་ཆུང་ངུ་གང་ཞིག་ཡིན་རུང་གྲངས་གཞིའི་ཡུན་རིང་གི་རྒྱུན་མཐུད་རང་བཞིན་དང་གོ་ལ་ཧྲིལ་པོའི་བསྡུར་ཆོག་པའི་རང་བཞིན་ལ་ཤུགས་རྐྱེན་བཟོ་གི་ཡོད།
ངོས་འཛིན་དེར་གཞིགས་ནས། མཚོ་སྔོན་གྱིས་བར་དབོན་སྒང་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩིས་ཏེ། ལམ་ལུགས་ཇུས་འགོད་ནས་ཞིབ་ཕྲའི་ལག་ལེན་བར་ཕྱོགས་མང་པོ་ནས་རླུང་ཁམས་ཆེན་པོའི་རྨང་གཞིའི་ལྟ་ཞིབ་ཚད་ལེན་གྱི་གནད་སྨིན་རང་བཞིན་དང་རྒྱུན་མཐུད་ཆོག་པའི་རང་བཞིན་ལ་འགན་ལེན་བྱེད་པའི“འགོག་སྲུང་དྲ་བ”བསྐྲུན་པ་རེད།
ཞོགས་པའི་བར་དབོན་སྒང་གི་རི་རྩེར། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་ལྟ་ཞིབ་ཚད་ལེན་མ་ལག་གི་ངོ་རྟགས་བྱང་བུ་གྲང་རླུང་ཁྲོད་འགྱིང་ངེར་གནས་ཡོད། འདི་གའི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་0ལས་དམའ་བ་དང་། རླུང་ཤུགས་ཆེ་ཤོས་རིམ་པ་14ལྷག་ཙམ་ཟིན་པ། མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་67%ལས་ཟིན་གྱི་མེད། ཁོར་ཡུག་དེ་འདྲའི་འོག་ལྟ་ཞིབ་ཚད་ལེན་མི་སྣས་སྔར་བཞིན་ཆུ་ཚོད་གཉིས་རེར་སྒྲིག་ཆས་ལ་སྐོར་ཞིབ་ཐེངས་རེ་བྱེད་ཀྱི་ཡོད་པ་རེད།
ཁོང་གིས“ལས་ཀ་དེ་དག་བལྟས་ན་ལས་སླ་པོ་ཡོད་རུང་། དོན་དངོས་ཐོག་གནད་ལ་འཁེལ་བའི་གྲངས་གཞི་རག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་རེད”ཅེས་བཤད།
མཚོ་སྔོན་གྱིས་ལམ་ལུགས་ཐོག་ནས་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་གི་ཡོད། 2026ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བའི《མཚོ་སྔོན་ཞིང་ཆེན་བར་དབོན་སྒང་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྨང་གཞིའི་ས་ཚིགས་སྲུང་སྐྱོང་གི་གཏན་འབེབས་འགའ་ཞིག》ནང་། ས་གནས་ཁྲིམས་སྲོལ་ཀྱི་རྣམ་པའི་ཐོག་ནས་སྲུང་སྐྱོང་ཁྱབ་ཁོངས་དང་ལྟ་འདོམས་ལམ་སྲོལ་ཁ་གསལ་བཟོས་པ་མ་ཟད། གནམ་གཤིས་ཀྱི་འཚོལ་ཞིབ་ཐིག་ལེན་ཁོར་ཡུག་སྲུང་སྐྱོབ་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་འཆར་འགོད་ནང་བཅུག་ནས་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་རྨང་གཞིའི་ས་ཚིགས་སྲུང་སྐྱོང་བྱ་རྒྱུར་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད་པ་རེད།
2025ལོར། མཚོ་ལྷོ་ཀྲོའུ་ཡི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་477ཟིན་ནས་ཚད་ལྡན་རྡོ་སོལ་ཏུན་ཁྲི་1717གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་4755འབུད་ཚད་ཉུང་དུ་གཏོང་བ་དང་མཚུངས་ནས། མིང་དོན་མཚུངས་པའི་ས་མཐོའི“ལྗང་མདོག་གློག་ཤུགས་ཀྱི་མཛོད”དུ་གྱུར་ཡོད། ས་གནས་དེ་གའི་འབྲོག་པ་ཡེ་རྡོར་གྱིས། “ཉི་འོད་ཤེལ་ལེབ་འོག་རྩྭ་ཡག་པོ་སྐྱེ་ཡི་ཡོད་པས་ལུག་དེ་གར་རྩྭ་བཟའ་རྒྱུ་ཡོད་པ་མ་ཟད། ད་དུང་ས་ཆའི་བོགས་དངུལ་དང་ཁེ་སྤོགས་ཀྱང་ལེན་རྒྱུ་འདུག”ཅེས་བཤད།
བར་དབོན་སྒང་ས་ཚིགས་ནས་ཐོན་པ་དང་སྲུང་སྐྱོང་ཚགས་ཚུད་པོ་བྱས་པའི་གྲངས་གཞི་དེ་དག་གིས་ཚད་གཞི་དེ་བས་མཐོ་བའི་ནུས་པ་འདོན་བཞིན་ཡོད་པས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་བྱ་སྤྱོད་ཀྱི་ཕན་འབྲས་ལ་ཚོད་སྐོར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།
གོ་ལ་ཧྲིལ་པོའི་གནམ་གཤིས་ཚན་རིག་དང་མཐུན་པའི་བཅོས་སྐྱོང་ལ་འདེགས་སྐྱོར་བྱས་པ།
བར་དབོན་སྒང་ས་ཚིགས་འགོ་འཛུགས་སར་བྱས་ཏེ་མིག་སྔའི་བར། རང་རྒྱལ་གྱིས་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་རྨང་གཞིའི་ས་ཚིགས་1དང་། ས་ཁོངས་ཀྱི་རྨང་གཞིའི་ས་ཚིགས་7 ཚོད་ལྟ་འཁོར་སྐྱོད་ཀྱི་རྨང་གཞིའི་ས་ཚིགས་11 དྲོད་ཁང་གི་རླངས་གཟུགས་ལྟ་ཞིབ་ཚད་ལེན་ས་ཚིགས་120ལྷག་ཙམ་ལས་གྲུབ་པའི་རྒྱལ་ཁབ་རིམ་པའི་རླུང་ཁམས་ཆེན་པོའི་རྨང་གཞིའི་དྲོད་ཁང་གི་རླངས་གཟུགས་ལྟ་ཞིབ་ཚད་ལེན་དྲ་བ་ཞིག་བསྐྲུན་ཡོད།
ལྟ་ཞིབ་ཚད་ལེན་བྱས་པ་ལས་གྲུབ་པའི《ཀྲུང་གོའི་དྲོད་ཁང་རླུང་གཟུགས་སྤྱི་བསྒྲགས(2024ལོ)》ལས་མངོན་པར། 2024ལོར་རང་རྒྱལ་གྱིས་མི་ཐབས་ཐཱན་འབུད་བྱེད་ཚད་བསྡོམས་འབོར་དུས་མཚུངས་ལས་0.6%ཙམ་འཕར་བ་དང་། འཕར་ཚད་མངོན་གསལ་དོད་པོས་ཆུང་དུ་ཕྱིན་པ་དེ་གོ་ལ་ཧྲིལ་པོའི་0.8%ཀྱི་འཕར་ཚད་ལས་དམའ་བ་ཡོད།
ཀྲུང་གོ་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་ཁྲེན་ཀྲེན་ལིན་གྱིས། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་མུ་མཐུད་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་སྣེ་ཁྲིད་བྱས་ཏེ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཆེད་ཀྲུང་གོའི་བློ་གྲོས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
ལོ་30ལྷག་ཙམ་རིང་། བར་དབོན་སྒང་ས་ཚིགས་ཀྱིས་རྒྱལ་སྤྱིའི་སྐོར་སྐྱོད་ཞིབ་བཤེར་ཐེངས་རིམ་བྱུང་སྤེལ་བ་ཚང་མ་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རྨང་གཞིའི་ས་ཚིགས་ཀྱི་སྤུས་ཚད་དོ་དམ་གྱི་ཚད་གཞིར་སླེབས་ཡོད།
བར་དབོན་སྒང་ནས་འཛམ་གླིང་བར། རང་རྒྱལ་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་དོ་ཁུར་ལ་ལན་སློག་ཡོད། འཛམ་གླིང་གི་ཡང་རྩེ་ནས་མིའི་རིགས་ཀྱིས་ཐུན་མོང་ཐོག“བར་དབོན་སྒང་གི་འཁྱོག་ཐིག”གིས་རླུང་ཁམས་ཆེན་པོའི་དབྱང་གཉིས་ཐཱན་འགྱུར་གྱི་རྨང་གཞིའི་གར་ཚད་འཕར་བ་ནས་ཆག་པའི་བར་གྱི་ཀྱོག་མཚམས་སུ་སྔ་ཙམ་སླེབས་ཏེ་སའི་གོ་ལ་འདི་ཉིད་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཕྱོགས་སུ་སྐྱོད་རེ་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།