དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སྒྲོན།

    སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-09

    (2026ལོའི་ཟླ་1ཚེས་30ཉིན)

    སྒྲོལ་དཀར།

    ཨུ་ཡོན་རྣམ་པ།

    ངས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར། ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་།

    དང་པོ། 2025ལོའི་ལས་དོན་གཙོ་བོ།

    ལོ་གཅིག་རིང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་བཅས་ཀྱི་ཐོག་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིའི”ཐད་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ། གྲོས་གཞི་ཁག་476བཏོན་ཡོད་པ་དེ་དག་ཁྲོད་ནས་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་ཁག་473གྲོས་ཁོངས་སུ་བཅུག་པ་དང་སྒྲུབ་ལན་སློག་ཚད་100%ཟིན་ཡོད། བསམ་འཆར་དང་གྲོས་འགོ་མང་དག་ཅིག་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་སུ་གྱུར་ནས། གྲོས་གཞིའི་ནུས་པ་སྔར་བས་འདོན་སྤེལ་ཐུབ་ཡོད།

    (གཅིག) རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་དམིགས་ནས་གྲོས་མོལ་ཇུས་འབུལ་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་བ། ཨུ་ཡོན་རྣམ་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ལ་དམ་པོར་དམིགས་ནས་གྲོས་གཞི་ཁག་96བཏོན་པ་དེས་གྲོས་གཞི་ཡོངས་ཀྱི་20.29%ཟིན་ཡོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་རྒྱུ་སོགས་ཀྱི་གྲོས་གཞིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རྒྱལ་སྤྱིའི་ཐོག་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་སྐད་ཆ་ཤོད་དབང་སྔར་བས་ཆེ་རུ་གཏོང་རྒྱུ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ཁྲིམས་དང་བསྟན་དོན་འཆད་འགྲེལ་ལས་དོན་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་དང་། རྒྱ་སྐྱེད་འཐུས་ཚང་གཏོང་རྒྱུའི་སྐོར་གྱི་གྲོས་གཞིས། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། སྐད་དང་ཡི་གེའི་ལས་དོན་མུ་མཐུད་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་དེ་འབྲེལ་ཡོད་ཚན་པས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏིང་ཟབ་གཏོང་བའི་ལས་དོན་ཁྲོད་དང་ལེན་གང་ལེགས་བྱས་ཡོད། དྲ་འཕྲིན་ངན་རོགས་ནག་ཉེས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་གྲོས་གཞིས། འབྲེལ་ཡོད་སྡེ་ཚན་གྱིས་མིག་སྔའི་ཁྲིམས་འཛིན་གྱི་ལག་ལེན་གནད་དོན་ཐག་གཅོད་བྱེད་པར་དཔྱད་གཞི་མཁོ་འདོན་བྱས་ཡོད།

    (གཉིས) ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་རྒྱུར་དམིགས་ནས་གྲོས་མོལ་ཇུས་འབུལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཨུ་ཡོན་རྣམ་པས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་སྐྱོང་སྤེལ་བྱེད་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཚན་རྩལ་འབྲས་བུ་སྤོ་སྒྱུར་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་སོགས་ལ་དམ་པོར་དམིགས་ནས་གྲོས་གཞི་ཁག་309བཏོན་པ་དེས་གྲོས་གཞི་ཡོངས་ཀྱི་65.33%ཟིན་ཡོད། ཤིན་བོད་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་དང་ཁྲོན་བོད་ལྕགས་ལམ་གྱི་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་གྲོང་ཚོའི་ཞབས་ཞུའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞིས། རང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱས་ཡོད། རང་ལྗོངས་ཀྱི་ཤ་རིགས་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ་དང་བོད་ཀྱི་ཁྱད་ལྡན་བཟའ་བཅའི་མ་རྒྱུའི་ཚད་གཞི་གང་མགྱོགས་བཟོ་རྒྱུ་སོགས་ཀྱི་གྲོས་གཞིས། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། སྨན་རིགས་གསར་བཟོའི་སྲིད་ཇུས་ཀྱི་སྟོང་ཆ་ཁ་སྐོང་བྱ་རྒྱུ་དང་། བོད་སྨན་ལ་རྒྱབ་སྐྱོར་བྱས་ནས“རྒྱལ་ཁབ་ཀྱི་སྨན་རྫས་ཚད་གཞིའི་ཨང་རྟགས”ཐོབ་པ་བྱ་རྒྱུ་སོགས་ཀྱི་གྲོས་གཞིས། འབྲེལ་ཡོད་སྡེ་ཚན་གྱིས་བོད་སྨན་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་འདོན་རྒྱུར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། རྣམ་གྲངས་འོས་སྐུལ་འོས་དཔོད་བྱེད་པའི་ནང་ལྗོངས་ཕྱིའི་ཁེ་ལས་ཞུགས་རྒྱུའི་སྲིད་ཇུས་དང་བྱ་ཐབས་ཚད་ལྡན་དུ་གཏོང་རྒྱུ་དང་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་བྱས་པ་ལས་ཐོན་པའི་གནད་དོན་གསར་པ་ཐག་གཅོད་བྱ་རྒྱུའི་སྐོར་གྱི་གྲོས་གཞིས། སྲོལ་བཟང་སྤྱོད་བཟང་དང་གོ་རིམ་ལེགས་པའི་ཁྲོམ་རའི་ཁོར་ཡུག་གཏོད་རྒྱུར་སྟོབས་ཤུགས་གང་ཡོད་བཏོན་ཡོད། བོད་ཀྱི་མཐོ་སློབ་ཀྱི་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་མཐོ་གསར་ལག་རྩལ་གོང་འཕེལ་ཤུགས་ཆེན་བཏང་ནས་བོད་ཀྱི་ཁྱད་ལྡན་མ་རྒྱུ་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞིས། རང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་ལམ་སྲོལ་བསྒྱུར་བཅོས་བྱ་རྒྱུར་ཇུས་ཤུགས་མཉམ་འདོན་གྱིས་ཚན་རྩལ་འབྲས་བུ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་དང་སྐྱེ་ཁམས་སླར་གསོ་བྱེད་པར་ཚན་རིག་དང་མཐུན་པའི་འཆར་འགོད་བྱ་རྒྱུ་དང་། གནོད་འཚེ་ཕོག་ཁུལ་གྱི་ལོ་ཆུང་གཞོན་ནུའི་ལུས་སེམས་བདེ་ཐང་ལ་ཡུན་རིང་ཐུགས་ཁུར་དང་འཚར་ལོངས་ལ་ཁྲིད་སྟོན་བྱེད་པའི་གཅིག་གྱུར་བྱ་སྤྱོད་འཆར་གཞི་སོགས་ཀྱི་གྲོས་གཞིས། གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ལས་དོན་སྤེལ་རྒྱུར་ཇུས་ཤུགས་མཉམ་འདོན་བྱས་ཡོད། ཆ་རྐྱེན་ཚང་བའི་རིག་དངོས་དང་གནའ་བོའི་སྐྲུན་དངོས་རྣམས་སྤྱི་པའི་རིག་གནས་བར་མཐོངས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་རྒྱུ་སོགས་ཀྱི་གྲོས་གཞིས། བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི“ལས་གཞི་ཆེན་པོ་དགུ”ལག་བསྟར་གཏིང་ཟབ་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་ཆེད་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཨུ་ཡོན་རྣམ་པས་ད་དུང་རང་ལྗོངས་ཀྱི་ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་ཇུས་འབུལ་ཧུར་ཐག་བྱས་ཏེ། མི་དམངས་ཀྱི་བདེ་རྩ་དོན་སྨིན་དང་འཚོ་བའི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་ཇུས་ཤུགས་མཉམ་འདོན་གྱི་ཐོག་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

    (གསུམ) རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་དམིགས་ནས་གྲོས་མོལ་ཇུས་འབུལ་བྱས་ཏེ། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་བཟོ་རྒྱུར་སྐུལ་འདེད་བཏང་བ། ཨུ་ཡོན་རྣམ་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མ་ལག་འཐུས་ཚང་དང་། འབྱུང་འཕྲོད་ཐཱན་ཉུང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད། ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་སོགས་ལ་དམ་པོར་དམིགས་ནས་གྲོས་གཞི་ཁག་39བཏོན་པ་དེས་གྲོས་གཞི་ཡོངས་ཀྱི་8.25%ཟིན་ཡོད། འབྱུང་འཕྲོད་གཏེར་ཁའི་ལས་ཀར་ཕྱོགས་ཡོངས་ནས་སྐུལ་འདེད་དང་། 5Gརིག་ལྡན་ཐཱན་སྙོམས་དང་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་བྱ་རྒྱུ་སོགས་ཀྱི་གྲོས་གཞིས། “ཐཱན་གཉིས”ཀྱི་ཐབས་ཇུས་དམིགས་ཚད་ལག་བསྟར་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། ནུས་ཁུངས་གཙང་མ་དང་གྲངས་གཞི་ཆེན་མོའི་ལྟེ་གནས་གཞི་གཅིག་ཅན་དུ་གོང་འཕེལ་གཏོང་རྒྱུ་དང་། ནུས་རྒྱུའི་གྲོན་དངུལ་བཅོལ་གཉེར་བྱ་ཐབས་བརྒྱུད་སྤྱི་པའི་སྒྲིག་གཞིར་ནུས་རྒྱུ་གཙང་མའི་དྲོད་གཏོང་ལས་གྲྭར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། ནུས་རྒྱུ་གཙང་མས་གློག་དོར་གནད་དོན་ཐག་གཅོད་བྱ་རྒྱུ་སོགས་ཀྱི་གྲོས་གཞིས། རང་ལྗོངས་ཀྱིས་གང་མགྱོགས་བོད་ཀྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་རམ་འདེགས་བྱས་ཡོད། བསྐྱར་སྐྱེས་ཐོན་ཁུངས་བསྡུ་སྤྱོད་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། རྫས་འགྱུར་ཚི་སྣས་བཟོས་པའི་ཁ་བཏགས་དང་དར་ལྕོག་ཉུང་དུ་གཏོང་རྒྱུ་སོགས་ཀྱི་གྲོས་གཞིས། རང་ལྗོངས་ཀྱི་འབྱུང་འཕྲོད་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། རྩྭ་ཕྱུགས་དོ་སྙོམས་ཀྱི་འབྲེལ་ཡོད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། ལྗོངས་ཡོངས་སུ་ཐང་རྒོད་དུ་གྱུར་པའི་ས་ཆ་ཕྱོགས་བསྡུས་འགོག་བཅོས་དང་བྱེ་སྐྱོན་འགོག་བཅོས་བྱེད་པར་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་གྲོས་གཞིས། འབྲེལ་ཡོད་ཚན་པས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་གལ་ཆེན་སྤེལ་རྒྱུར་རམ་འདེགས་བྱས་ཡོད།

    (བཞི) རྒྱལ་ཁབ་ཀྱི་མཐའ་བརྟན། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུར་དམིགས་ནས་གྲོས་མོལ་ཇུས་འབུལ་བྱས་ཏེ། མཐའ་མཚམས་ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་བ། ཨུ་ཡོན་རྣམ་པས་མཐའ་མཚམས་ས་ཁུལ་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་རྒྱུ། མཐའ་མཚམས་སྟོབས་ཆེར་གཏོང་བའི་སྲིད་ཇུས་འཐུས་ཚང་ལེགས་སྒྲིག་བྱ་རྒྱུ་སོགས་ཀྱི་ཐད་ལ་དམ་པོར་དམིགས་ནས་གྲོས་གཞི་ཁག་29བཏོན་པ་དེས་གྲོས་གཞི་ཡོངས་ཀྱི་6.13%ཟིན་ཡོད། མཐའ་མཚམས་ཀྱི་ཚོང་དོན་གང་མགྱོགས་སླར་གསོ་བྱ་རྒྱུ་དང་བོད་ལྗོངས་ཀྱི་མཐའ་མཚམས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་གཏོང་རྒྱུ་སོགས་སྐོར་གྱི་གྲོས་གཞིས། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་དུ་འགྲོ་འོང་བྱེད་པའི་མཐའ་མཚམས་ལམ་ཡིག་གི་འགྲོ་ལུགས་སྟབས་བདེ་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་གཞིས། མཐའ་མཚམས་ས་ཁུལ་དུ་འགྲོ་འོང་བྱེད་པའི་ལམ་ཡིག“ས་ཆ་གཞན་ནས་གཉེར་སྒྲུབ་དང་། ཐག་ཉེ་ས་ནས་གཉེར་སྒྲུབ། སྟབས་བདེའི་ངང་གཉེར་སྒྲུབ”བཅས་ཐུབ་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། མཐའ་མཚམས་ཀྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭའི་རིག་གནས་ཀྱི་ལྕགས་རི་རིང་པོ་བསྐྲུན་རྒྱུ་དང་། རང་ལྗོངས་ཀྱི་མཐའ་མཚམས་རིག་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ། མཐའ་མཚམས་གྲོང་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གྲོས་གཞིས། མཐའ་མཚམས་འཛུགས་སྐྲུན་དང་མཐའ་མཚམས་བཅོས་སྐྱོང་བྱེད་པར་རིག་སྟོབས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་པ་དང་། མཐའ་སྟོབས་མཐའ་བརྟན་དང་དམངས་ཕྱུག་མཐའ་དར་གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུར་རམ་འདེགས་བྱས་ཡོད།

    ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ལྷག་པར་དུ་གྲོས་གཞིའི་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ཁོང་དུ་ཡང་དག་ཆུད་པ་དང་། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། གཞུང་འཁྱོངས་གསར་འབྱེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲོས་གཞིའི་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ་མ་ཟད། ལག་ལེན་ཁྲོད་ནས་ཆོས་ཉིད་ལ་ཕྱོགས་བསྡོམས་དང་ཉམས་མྱོང་གསོག་འཇོག་བྱས་ཡོད།

    (གཅིག) ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན། གྲོས་གཞིའི་ལས་དོན་གྱི་གནས་བབ་དང་བྱེད་ནུས་ཐུན་མོང་མ་ཡིན་པ་དང་ཆབ་སྲིད་ཀྱི་ངོ་བོ་མངོན་གསལ་དོད་པོ་ཡོད་པས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་འཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་ནི་གྲོས་གཞིའི་ལས་དོན་གང་ལེགས་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་དང་རྩ་བའི་འགན་ལེན་ཡིན། ལོ་གཅིག་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་རྩ་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་ནས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཐེ་ཞུགས་ཚན་པ་ཁག་གིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཁྲིད་སྟོན་བྱེད་པའི་ཐོག་ནས། ཆབ་སྲིད་ཀྱི་བླང་བྱ་དང་། ཆབ་སྲིད་ཀྱི་ཚད་གཞི། ཆབ་སྲིད་ཀྱི་རྩ་དོན་བཅས་གྲོས་གཞིའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་དོན་འཁྱོལ་བྱས་ཡོད། “གྲོས་དོན་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་གཞིའི་ལས་དོན་ཐད་གནང་བའི་མཛུབ་སྟོན་དང་བཀའ་མཆན་གལ་ཆེན་གྱི་དགོངས་དོན་ཤེས་རྟོགས་དང་ཁོང་དུ་ཆུད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། དེའི་ནང་དུ་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་བྱས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་ཁ་གསལ་གནང་བ། ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་ཀར་ཆེད་དོན་ཞིབ་འཇུག་གནང་བ་མ་ཟད་ཞིབ་ཕྲའི་བླང་བྱ་ཡང་བཏོན་གནང་བ། གྲོས་གཞི་གཉེར་སྒྲུབ་ཚན་པས་གཉེར་སྒྲུབ་ནན་ཏན་དང་དུས་ཐོག་ཏུ་ལན་བཏབ་ཡོད། སྲིད་གྲོས་ཀྱི་ཏང་ཙུའུ་དང་ཀྲུའུ་ཞིའི་ཚོགས་འདུས་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་གཞིགས་ནས་གྲོས་གཞིའི་ལས་དོན་ཇུས་འགོད་དང་བཀོད་སྒྲིག་བྱས་ཤིང་། གྲོས་གཞིའི་གདམ་གཞི་ལེགས་འདེམས་བསྡུ་རུབ་དང་གཙོ་གནད་གྲོས་གཞི་གདམ་གསེས་སྒྲུབ་སྐུལ་སོགས་བྱེད་པའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ནས་གྲོས་གཞིའི་ལས་དོན་དེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་དམིགས་ཏེ་བསྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད།

    (གཉིས) གྲོས་གཞིའི་སྤུས་ཚད་ཡག་ཏུ་གཏོང་རྒྱུ་ནི་གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྲ་ཞིང་བརྟན་པའི་རྨང་གཞི་ཡིན། སྤུས་ཚད་ནི་གྲོས་གཞིའི་ཚེ་སྲོག་ལྟ་བུ་ཡིན་ཞིང་། གྲོས་གཞིའི་སྤུས་ཚད་ཡག་སྡུག་གིས་གྲོས་གཞི་དེ་གའི་རིན་ཐང་ཆེ་ཆུང་མངོན་ཐུབ་པ་མ་ཟད་གྲོས་གཞི་གཉེར་སྒྲུབ་བྱས་འབྲས་དང་ཐད་ཀར་འབྲེལ་བ་ཡོད། ལོ་གཅིག་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གྲོས་གཞི་མང་བར་མ་བལྟོས་པར་སྤུས་ཚད་ལ་ལྟ་དགོས་པའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཨུ་ཡོན་རྣམ་པ་དང་སྲིད་གྲོས་ཐེ་ཞུགས་ཚན་པ་ཁག་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ནས་སྤུས་ཚད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། གྲོས་གཞིའི་གདམ་གཞི་ཡག་པོ་འཚོལ་ཐུབ་པ་དང་། བཏོན་པའི་གནད་དོན་གནད་ལ་འཁེལ་བ། གྲོས་འགོ་དོན་དངོས་དང་མཐུན་པ་བཅས་ཡོང་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད། གྲོས་གཞི་བསྡུ་རུབ་བྱ་རྒྱུའི་བརྡ་ཐོ་སྔ་ཙམ་བཏང་ནས་ཨུ་ཡོན་རྣམ་པས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་བརྟག་ཞིབ་གཏིང་ཟབ་བྱ་རྒྱུ་དང་གྲོས་གཞི་འབྲི་རྒྱུར་ཁྲིད་སྟོན་བྱས་ཡོད། ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ལྗོངས་ནང་ཁུལ་དུ་བརྟག་ཞིབ་དང་། ལྗོངས་ཕྱིར་རྟོག་ཞིབ། བཞུགས་མོལ་སྤེལ་རེས་བཅས་བྱེད་པའི་ནང་ཞུགས་སུ་བཅུག་ནས་ཨུ་ཡོན་རྣམ་པས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་རྟོགས་བྱེད་པའི་ཐབས་ལམ་རྒྱ་ཆེར་བཤངས་ཡོད། དུས་བཀག་ལྟར་གྲོས་གཞིའི་ཤེས་བྱ་དང་ནུས་པའི་གསོ་སྦྱོང་ལས་དོན་སྤེལ་ཏེ། སྤུས་ཚད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། ཐབས་ཇུས་གཉིས་འདོན་གྱི་ནུས་པ་ཆེ་རུ་བཏང་ཡོད། གྲོས་གཞིར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད་གྲོས་ཁོངས་སུ་འཇུག་པའི་ཚད་གཞི་ནན་པོ་བཟོས་ཏེ་གྲོས་གཞིའི་སྤུས་ཚད་ལ་སྟངས་འཛིན་ཏན་ཏིག་བྱས་ཡོད། འགན་སྒྲུབ་བྱས་འབྲས་སྤོ་སྒྱུར་ལ་ཤུགས་སྣོན་བརྒྱབ་སྟེ། རིགས་ཁོངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་བརྟག་ཞིབ་གཟིགས་ཞིབ་ཀྱི་བྱེད་སྒོ་དང་གྲོས་གཞིའི་ལས་དོན་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འབྲེལ་ཡོད་འགན་སྒྲུབ་བྱས་འབྲས་དུས་ཐོག་ཏུ་གྲོས་གཞིར་འགྱུར་ཐུབ་པ་བྱས་ནས་ཆུ་ཚད་མཐོ་བའི་ཐུང་མོང་གི་གྲོས་གཞི་ཞིག་གཏོད་ཡོད། ལོ་འཁོར་གྱི“གྲོས་གཞི་ཡག་པོ”དཔྱད་འདེམས་བྱེད་པའི་ལས་དོན་ཐོག་མར་སྤེལ་ནས། ལོ་འཁོར་གྱི་གྲོས་གཞི་ཡག་པོ་ཁག་33དཔྱད་འདེམས་བྱས་པ་མ་ཟད། གྲོས་གཞི་འདོན་མཁན་རྣམ་པས“གྲོས་གཞི་རྩེ་གྲའི”འདུ་ཤེས་འཛིན་རྒྱུར་ཁྲིད་སྟོན་བྱས་ནས། གྲོས་གཞིའི་སྤུས་ཚད་ཡག་ཏུ་འགྲོ་བའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཡོད།

    (གསུམ) གྲོས་གཞིའི་གྲུབ་འབྲས་སྤོ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་གྲོས་གཞིའི་ལས་ཀའི་མཐར་ཐུག་གི་དམིགས་ཡུལ་ཡིན། གྲོས་གཞི་གཉེར་སྒྲུབ་བྱ་རྒྱུ་ནི་ཏང་ཨུད་དང་སྲིད་གཞུང་ཚན་པས་སྤྱི་ཚོགས་ལས་རིགས་ཁག་དང་འབྲེལ་མཐུད་མཉམ་འགུལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་། གྲུབ་འབྲས་སྤོ་སྒྱུར་བྱ་རྒྱུ་ནི་གྲོས་གཞི་གཉེར་སྒྲུབ་ཀྱི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་འགག་རྩའི་དམིགས་ཚད་ཅིག་ཡིན། ལོ་གཅིག་རིང་། གྲོས་གཞི་སྒྲུབ་གཉེར་ཚན་པ་ཁག་གིས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ནས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་ས་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྲིད་གྲོས་ཀྱི་གྲོས་གཞིའི་ཐོག་ནས་ཐབས་ཇུས་གནད་འཕིགས་འདོན་པ། འགན་ནུས་སྡེ་ཚན་གྱིས་དངོས་སུ་གཉེར་སྒྲུབ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད། གཙོ་གནད་གྲོས་གཞི་གཉེར་སྒྲུབ་བྱ་རྒྱུར་དམིགས་ཏེ། རང་སྐྱོང་ལྗོངས་སྲིད་གཞུང་དང་སྲིད་གྲོས་ཀྱི་འགོ་ཁྲིད་དང་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་སྣེ་ཁྲིད་དེ་སྒྲུབ་སྐུལ་བརྟག་ཞིབ་ཐེངས་10ལྷག་ཙམ་བྱས་པ་དང་། གཉེར་སྒྲུབ་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་ཐེངས་30ལྷག་ཙམ་འཚོགས་པ། དཔེ་སྟོན་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་པའི་ཐོག་ནས་གཙོ་གནད་གྲོས་གཞི་ཁག་37ལ་སྒྲུབ་སྐུལ་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་ཀྱི་ལས་ཕྱོད་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། དཔེར་ན། 《དབྱར་དགུན་གུང་གསེང་རིང་དགེ་རྒན་གྱི་སྡོད་བྱའི་ལམ་ལུགས་མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་གཞིའི》ཐད། སྒྲུབ་སྣེ་འཁྲིད་མཁན་ཀྲུའུ་ཞི་སྐུ་གཞོན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་བློ་མཐུན་རྣམ་པའི་སྣེ་ཁྲིད་དེ་ས་གནས་དང་གྲོང་ཁྱེར་གསུམ་གྱི་གཞི་རིམ་སློབ་འབྲིང(སློབ་ཆུང)22ལ་ཆེད་དོན་སྒྲུབ་སྐུལ་དང་བརྟག་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་བརྟག་ཞིབ་སྙན་ཞུའི་ཐོག་མཆན་བཀོད་མཛུབ་སྟོན་གནང་བ་མ་ཟད། ཞིབ་ཕྲའི་བླང་བྱ་བཏོན་ནས་གྲོས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས《〈བོད་རང་སྐྱོང་ལྗོངས་ཀྱི་སྤྱི་དབང་དང་སྤྱི་སྤྱོད་སྒྲིག་བཀོད་ཀྱི་དོ་དམ་བྱ་ཐབས〉གཏན་འབེབས་འདོན་རྒྱུའི་སྐོར་གྱི་གྲོས་གཞིར》དམིགས་ཏེ། ཆེད་དམིགས་གཉེར་སྒྲུབ་ཇུས་གཞི་བཏོན་པ་མ་ཟད། ས་ཁོངས་སྒྲོལ་ནས་ཁྲིམས་འཛུགས་སྐོར་ལ་བརྟག་ཞིབ་བྱས་པ་དང་། གྲོས་གཞི་འདོན་མཁན་གདན་དྲངས་ཏེ་ལས་རིམ་ཧྲིལ་པོར་ཞུགས་སུ་བཅུག་ནས་ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད།

    རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས《འདྲེན་ཐང་གྲོང་རྡལ་ནགས་ཐང་གྲོང་ཚོའི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་སྐོར་གྱི་གྲོས་གཞི》འབྱོར་མ་ཐག་ལམ་སེང་བརྡ་ལན་བསློགས་ཤིང་། འཕྲལ་དུ་རིགས་གཅིག་མཁས་དབང་སྒྲིག་འཛུགས་བྱས་ནས་ས་ཡུལ་དངོས་ལ་བརྟག་ཞིབ་གནང་བ་མ་ཟད། སྔོན་འགོག་བྱ་ཐབས་དང་ཐག་གཅོད་ཇུས་གཞི་བཟོས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས《སྨན་གླིང་གྲོང་ཁྱེར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་གྱི་རྒྱུན་བཙུགས་འབབ་ཚུགས་སླར་གསོ་ཤར་གཏོང་བྱ་རྒྱུའི་སྐོར་གྱི་གྲོས་གཞིར》གཟིགས་མཐོང་ཆེན་པོ་གནང་ཞིང་། ལྕགས་ལམ་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད་འབྲེལ་ཡོད་མེ་འཁོར་སྔར་བཞིན་སྨན་གླིང་གྲོང་ཁྱེར་དུ་བཀག་སྡོད་བྱེད་ཐུབ་པ་བྱུང་སྟེ། མང་ཚོགས་ཕྱི་ཕྱོགས་སུ་འགྲོ་རྒྱུར་སྔར་བས་སྟབས་བདེ་བསྐྲུན་པ་མ་ཟད་དམངས་འཚོའི་བདེ་རྩ་བརྟན་དུ་བཏང་བར་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད།

    (བཞི) ལས་ཀའི་གྲུབ་འབྲས་བརྟན་དུ་གཏོང་རྒྱུ་ནི་གྲོས་གཞི་སྒྲུབ་པར་མཐུན་རྐྱེན་སྦྱོར་བའི་འགག་རྩ་ཞིག་ཡིན། གྲོས་གཞིའི་ལས་དོན་གྱིས་རྒྱུན་ཆད་མེད་པར་ཐོབ་ཟིན་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གཏིང་ཟབ་ཏུ་གཏོང་བ། རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་གོམ་སྟབས་རྗེས་མའི་ལས་ཀའི་སྤུས་འབྲས་ལེགས་གཉེར་ཡོང་རྒྱུར་རྨང་གཞི་བརྟན་པོ་དང་། འགུལ་ཤུགས་ཀྱི་འབྱུང་རྩ། ལག་ལེན་གྱི་འདེགས་སྐྱོར་བཅས་མཁོ་འདོན་བྱས་ཡོད། ལོ་གཅིག་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་སྒོར་མཛུབ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། “ས་གནས(གྲོང་ཁྱེར)དང་རྫོང(ཆུས)སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ”ལ་དམིགས་ནས་བརྟག་ཞིབ་བྱས་པའི་ཁར། གསར་དུ་བཟོ་བཅོས་བྱས་པའི《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》སྒྲོག་འགྲེལ་བྱས་པར་བརྟེན། རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱིས་གྲོས་གཞིའི་ལས་དོན་སྔར་བས་ཚད་ལྡན་དང་ཚད་གཞི་ཅན་བྱུང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་མ་ཟད། ས་གནས(གྲོང་ཁྱེར)བདུན་དང་དེ་བཞིན་རྫོང(ཆུས)ཁག་གཅིག་གི་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་སྒྲིག་འཛུགས་བྱས་ནས་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་སྤེལ་རེས་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དོན་གཅོད་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་དྲངས་ཏེ་གྲོས་གཞི་གཉེར་སྒྲུབ་བྱས་ཚུལ་ངོ་སྤྲོད་གནང་བ་དང་། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་མཐུན་སྦྱོར་མཉམ་སྒྲུབ་བྱ་རྒྱུ་དང་། ཕན་ཚུན་སྐུལ་འདེད་གཏོང་རྒྱུ། གསར་གཏོད་གོང་འཕེལ་གཏོང་རྒྱུ་བཅས་ལ་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་གྲོས་གཞིའི་ལས་ཀའི་སྤྱི་ཡོངས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་སོང་ཡོད། གྲོས་གཞིའི་ལས་དོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་གྲོས་གཞི་བཏོན་ཚུལ་དང་གཉེར་སྒྲུབ་ཕན་འབྲས་ལ་བརྟག་ཞིབ་གཏིང་ཟབ་བྱས་པའི་ཁར། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཁྲོད་ཀྱི་གྲོས་གཞིའི་ནུས་པར་ཞིབ་འཇུག་དང་དབྱེ་ཞིབ་བྱས་ནས། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་སྙན་ཞུ་གྲུབ་སྟེ་ཆོས་ཉིད་གསལ་སྟོན་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཡོད། 《སློབ་བརྩོན་རྒྱལ་དར》དང་། 《བོད་ལྗོངས་ཉིན་རེའི་ཚགས་པར》 བོད་ལྗོངས་སྲིད་གྲོས་ཀྱི་སྐད་འཕྲིན་སྤྱི་སྟེགས་སོགས་ཀྱི་ཐོག་སྤྱོད་ཤུགས་ཆེ་རུ་བཏང་ནས་གྲོས་གཞིའི་ལས་ཀའི་གྲུབ་འབྲས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་སྲིད་གྲོས་ཀྱི་གསུང་སྒྲ་བཟང་པོ་བརྒྱུད་སྤེལ་གང་ལེགས་བྱས་ཡོད།

    ལོ་གཅིག་རིང་། གྲོས་གཞིའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་ཞན་ཆ་དང་མི་འདང་བའི་ཆའང་འགའ་ཞིག་ཡོད་པ་དཔེར་ན། གྲོས་གཞིའི་སྤུས་ཚད་ད་དུང་ཡག་ཏུ་གཏོང་དགོས་པ་དང་། གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་ལས་དོན་ད་དུང་གཏིང་ཟབ་ཏུ་གཏོང་དགོས་པ། གྲོས་གཞིའི་གྲུབ་འབྲས་སྤོ་སྒྱུར་ཐད་སྔར་བཞིན་ཤུགས་རྒྱག་དགོས་པ་སོགས་ཀྱི་གནད་དོན་ཡོད་པས། ང་ཚོས་ཞིབ་འཇུག་ནན་ཏན་གྱིས་ལེགས་བཅོས་ཏན་ཏིག་བྱ་རྒྱུ་ཡིན།

    གཉིས་པ། 2026ལོའི་ལས་ཀའི་གཙོ་གནད།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་གྲོས་གཞིའི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་ཇུས་ཤུགས་གཉིས་འདོན་བྱེད་དགོས།

    (གཅིག) ཆབ་སྲིད་ཀྱིས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་ལས་ཀའི་ཁ་ཕྱོགས་འགན་ལེན་བྱ་རྒྱུ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་གྲོས་གཞི་འདོན་པ་དང་། གཉེར་སྒྲུབ་བྱེད་པ། སྒྲུབ་སྐུལ་བྱེད་པ། ལན་འདེབས་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་དོན་འཁྱོལ་ཐུབ་པ་བྱ་རྒྱུ། དམངས་ཀྱི་གནས་ཚུལ་ཞུ་བ་དང་། དམངས་ཀྱི་བློ་གྲོས་གཅིག་བསྡུས། ཚན་རིག་དང་མཐུན་ཞིང་དམངས་གཙོའི་ཇུས་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་བ། གཅིག་མཐུན་ངོས་འཛིན་རྒྱ་ཁྱབ་ཏུ་སྒྲིལ་བ་བཅས་ཀྱི་ཐད་གྲོས་གཞིའི་ནུས་པ་གལ་ཆེན་གང་ལེགས་བཏོན་ཐོག ཏང་གི་བཞེད་དགོངས་དེ་སྤྱི་ཚོགས་ལས་རིགས་ཁག་གི་ངོས་འཛིན་གཅིག་མཐུན་དུ་འགྱུར་ཐུབ་པ་བྱ་རྒྱུ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་ཞབས་འདེགས་ཞུ་ཆེད་མི་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་རྒྱུ།

    (གཉིས) གཞུང་འཁྱོངས་གསར་འབྱེད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཐབས་ཇུས་འདོན་པའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་གྲོས་གཞིའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གྲོས་གཞིའི་ལས་དོན་གྱི་དམིགས་བསལ་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པའི་ཐོག གནད་དོན་གྱི་ཁྲིད་ཕྱོགས་ཤུགས་ཆེར་གཏོང་བ་དང་། ཨུ་ཡོན་རྣམ་པས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་རྟོགས་བྱེད་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ། ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོས་གཞི་འཚོལ་བསྡུ་བྱེད་ལམ་རྒྱ་ཆེར་གཏོད་པ། གྲོས་གཞི་གྲོས་ཁོངས་སུ་འཇུག་པའི་ཚད་གཞི་ནན་པོ་བཟོ་བ་སོགས་ཀྱི་ཐོག་ནས་གྲོས་གཞིའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་ཐད་ལག་ལེན་བསྟར་འཐུས་ཀྱི་ལས་དོན་སྒྲུབ་ཐབས་ཤིག་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ། ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་དང་ཐེ་ཞུགས་ཚན་པ་ཁག་ལ་ཁྲིད་སྟོན་བྱས་ནས་རང་ལྗོངས་ཀྱི“འཛུགས་གཏོད་བཞི”དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་འགོ་འཛུགས་པ། དེ་བཞིན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད་དང་འགག་གནད་ལ་དམ་པོར་དམིགས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་གཞི་ཚུགས་ཏེ་འགན་འཁྲི་བསྒྲུབ་རྒྱུ་དང་གྲོས་འགོ་འདོན་རྒྱུ། རིགས་ཁོངས་དང་ཆེད་དོན་ཨུ་ལྷན་གྱི་ཐུན་མོང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་བློ་བསྡུས་དགེ་འཚོལ་དང་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བའི་ཁར། ཇུས་འགོད་ཞིབ་ཚགས་ཀྱིས་ཐུན་མོང་གི་གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབས་ཏེ་ལག་ལེན་བསྟར་འཐུས་ལ་དོན་སྙིང་ཟབ་མོ་ལྡན་པའི་བསམ་འཆར་དང་གྲོས་འགོ་འདོན་ཐུབ་པ་བྱ་རྒྱུ།

    (གསུམ) གྲོས་མོལ་གྱི་ལྟ་སྐུལ་ལས་དོན་གཏིང་ཟབ་སྤེལ་ནས་གྲོས་གཞི་གཉེར་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་བཏོན་ནས་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱ་རྒྱུ་དེ་སྲིད་དོན་ཇུས་འབུལ་དང་ངོས་འཛིན་གཅིག་སྒྲིལ་ཡོང་རྒྱུའི་ཕྱོགས་གཉིས་ལ་ཤུགས་རྒྱག་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ཐོག གྲོས་མོལ་གྱི་ཐོག་ནས་ངོས་འཛིན་གཅིག་མཐུན་ཡོང་ཐུབ་པ་དང་ངོས་འཛིན་གཅིག་མཐུན་གྱི་ཐོག་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཐུབ་པ་བྱ་རྒྱུ། གྲོས་གཞི་འདོན་མཁན་དང་སྒྲུབ་མཁན་ཕྱོགས་གཉིས་པོ་ཕན་ཚུན་འབྲེལ་གཏུག་དང་གྲོས་མོལ་བྱེད་པའི་ལས་སྟེགས་ཧུར་ཐག་བསྐྲུན་ཏེ། ཕན་ཚུན་སྤེལ་རེས་ནུས་ལྡན་བྱས་ནས་གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་རྒྱུ། ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲེལ་མཐུད་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས། གྲོས་གཞི་འདེམས་པ་དང་། གྲོས་ཁོངས་སུ་འཇུག་པ། སྒྲུབ་སྤྲོད་བྱེད་པ། སྒྲུབ་སྐུལ་བྱེད་པ། གྲུབ་འབྲས་སྤོ་སྒྱུར་གྱི་གྲོས་མོལ་སོགས་ཕྱོགས་ཚང་མ་ནས་ནུས་ཤུགས་མཐོ་བའི་མཉམ་ལས་ཀྱི་ལས་ཀའི་རྣམ་པ་གཏོད་རྒྱུ་དང་། ཆབས་ཅིག་ཐུན་མོང་ཐོག“གྲོས་གཞི་འདོན་པ་དང་། གྲོས་ཁོངས་སུ་འཇུག་པ། གྲོས་གཞི་སྒྲུབ་པ། གྲོས་གཞི་སྒྲུབ་སྐུལ། གྲོས་གཞི་ཞིབ་དཔྱད”བཅས་གཞི་གཅིག་ཅན་གྱི་སྐུལ་འདེད་བྱ་ཐབས་ཤིག་འཚོལ་ཞིབ་བྱས་ནས་གྲོས་གཞིའི་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་རྒྱུ།

    (བཞི) ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་བཏོན་པའི“གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི”བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་གྲོས་གཞིའི་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན། ཆ་འཕྲིན་ཅན་བཅས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག དབང་འགན་ཁ་གསལ་དང་། ལས་རིམ་ཚད་ལྡན། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་གྲོས་གཞིའི་ལས་ཀའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། གྲོས་གཞི་གཉེར་སྒྲུབ་དང་དམངས་གཙོའི་ལྟ་སྐུལ་ཕན་ཚུན་ཟུང་འབྲེལ་གྱི་ནུས་ལྡན་ལམ་སྲོལ་བཟོ་རྒྱུའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པའི་གནད་དོན་གཙོ་བོར་དམིགས་ཏེ་དམངས་གཙོའི་ལྟ་སྐུལ་གྱི་གྲོས་གཞི་གཉེར་སྒྲུབ་ནན་ཏན་བྱས་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ལས་ཀའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། གྲོས་གཞིའི་ལས་དོན་དྲིལ་བསྒྲགས་ཡག་པོ་བྱས་ནས་སྲིད་གྲོས་ཀྱི་གཏམ་རྒྱུད་དང་གྲོས་གཞིའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ།

    ཨུ་ཡོན་རྣམ་པ། དུས་སྐབས་གསར་པས་ང་ཚོར་ལས་འགན་གསར་པ་གནང་ཡོད་པ་དང་། རྒྱང་ལམ་གསར་པའི་ཐོག་ང་ཚོས་བྱས་རྗེས་གསར་པ་འཇོག་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་བརྟན་འགོ་ཁྲིད་འོག་ཡིད་ཆེས་ཆེར་བསྐྱེད་དང་། མཐུན་སྒྲིལ་འབད་འཐབ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། གྲོས་གཞིའི་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་རྒྱུར་སྐུལ་འདེད་བཏང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་། གོམ་པ་བརྟན་པོ་སྤོས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་འབུལ་རྒྱུ་ཡིན།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།