ས་བབ་སྨི་5100ཟིན་པའི་ས་མཐོར་རྒྱལ་ཁབ་ཀྱི་སྒོ་མོ་སྲུང་བ།
དགུན་གཞུང་གི་ལུགས་རྙིང་ཟླ་བ་བཅུ་གཉིས་པ་འཆར་ཞིང་། ཧུང་ཆི་ལ་ཧྥུའུ་འགག་སྒོའི་ས་བབ་སྨི་5100ཟིན་གྱི་ཡོད།
ཞོགས་པར་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྒྱལ་ཁབ་ཀྱི་སྒོ་མོ་ག་ལེར་ཕྱེ་བ་དང་། ཡུལ་ལུང་དེ་གའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་25བར་ཆག་པ་དང་གསོ་རླུང་འདུས་ཚད་དེ་ཐང་གཤོང་ས་ཆའི་ཕྱེད་ཀ་ཙམ་ཡང་ཟིན་གྱི་མེད།
“དེ་རིང་གི་རླངས་འཁོར་ཐེངས་ཞེ་བདུན་པ། འཛིན་ཡིག་རྩད་བཤེར་བྱས་ཟིན་པས་གློད་ན་འགྲིག” ཝུའུ་ལུའུ་མུའུ་ཆི་འགག་སྒོའི་ཁོངས་གཏོགས་ཧུང་ཆི་ལ་ཧྥུའུ་འགག་སྒོའི་ལས་དོན་པ་ཀྲུའུ་ཡན་གྱིས་རུས་ཟུག་རྒྱག་པའི་གྲང་རླུང་ལ་མ་འཛེམས་པར་དལ་བུར་བཏང་ཡོང་བའི་ཟོག་འདྲེན་རླངས་འཁོར་གྱི་ཕྱོགས་སུ་བསྐྱོད།
དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བ་དང་བསྟུན་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི་སྐམ་ལམ་བགྲོད་ལམ་འབའ་ཞིག་ཡིན་པ་དེ་ལོ་གཅིག་ནང་གི་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་སུ་སླེབས་ཡོད།
ཧུང་ཆི་ལ་ཧྥུའུ་འགག་སྒོ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲི་ས་ཁུལ་ཐ་ཧྲི་ཁུར་ཀན་ཐ་ཅི་ཁེ་རང་སྐྱོང་རྫོང་དུ་ཡོད། “ད་ཆ་རླངས་འཁོར་མང་བའི་དབང་གིས། ལྷུ་ཚིགས་ཚང་མ་བདེ་འཇགས་ཡོང་བར་བྱེད་དགོས”ཞེས་ཀྲུའུ་ཡན་གྱིས་བཤད། གྲང་རླུང་ཁྲོད་ཁོང་གི་ལག་པ་འཁྱགས་ནས་དམར་པོར་གྱུར་འདུག
“དེ་སྔོན་ཧུང་ཆི་ལ་ཧྥུའུ་ལ་འགྲོ་ཐེངས་གཅིག་ལ་འགག་སྒོ་སྒྲོལ་བ་ཁོ་ནར་ཡང་ཉིན་གཅིག་གཉིས་འགོར་གྱི་ཡོད། དགུན་ཁར་རླངས་འཁོར་ནང་མཚན་མོ་སྐྱེལ་དུས་ཉལ་ཆས་གཉིས་གོན་ཡང་འཁྱགས་ནས་འདར་སིག་རྒྱག་གི་ཡོད། ད་ཆ་སྔོན་ཆད་དང་མི་འདྲ་བར་ཁ་ཧྲི་ནས་དངོས་ཟོག་བླུགས་ཏེ་ལམ་ལ་ཆས་པ་ནས་ཧུང་ཆི་ལ་ཧྥུའུ་རུ་རྒྱལ་སྒྲོལ་ལག་ཁྱེར་གཉེར་བའི་བར་ཆུ་ཚོད་དྲུག་ལྷག་ཙམ་ལས་འགོར་གྱི་མེད་པས། སྟབས་བདེ་པོ་འདུག”ཅེས་ལོ་འཁོར་མོར་ཀྲུང་གོ་དང་ཕ་ཁི་སི་ཕན་དབར་ཕར་འགྲོ་ཚུར་འོང་བྱེད་མཁན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཆིན་ཧོ་ཡན་གྱིས་མྱོང་ཚོར་ཟབ་མོས་བརྗོད།
ཧུང་ཆི་ལ་ཧྥུའུ་འགག་སྒོར་ས་བབ་མཐོ་བ་དང་གནམ་གཤིས་ཞན་པོ་ཡོད་ཅིང་། སྔོན་ཆད་ས་ཁམས་ཀྱི་ཆ་རྐྱེན་དང་ལྟ་འདོམས་བརྒྱུད་རིམ་སོགས་རྒྱུ་རྐྱེན་མང་པོའི་ཚོད་འཛིན་ཕོག་པས། རྒྱལ་མཚམས་སྒྲོལ་བའི་རླངས་འཁོར་གྱི་འགག་སྒྲོལ་ལྷུ་ཚིགས་རྙོག་འཛིང་ཆེ་བ་དང་དུས་ཚོད་རིང་པོ་འགོར་གྱི་ཡོད། “དཀའ་གནད་འདི་སེལ་ཆེད། ང་ཚོས་འགག་སྒྲོལ་བརྒྱུད་རིམ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། འགག་སྒྲོལ་ལྷུ་ཚིགས་ལེགས་སྒྱུར་དང་སྡེབ་སྒྲིག་བྱས་ཏེ། རྙོག་འཛིང་ཆེ་བའི་འགག་སྒྲོལ་བརྒྱུད་རིམ་ཁག་16ནས་ཁག་7བར་ཉུང་དུ་བཏང་ནས་དགོས་མེད་ཀྱི་ཞིབ་བཤེར་ལྷུ་ཚིགས་མེད་པར་བཟོས་ཡོད”ཅེས་ཧུང་ཆི་ལ་ཧྥུའུ་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་ལི་ཀྲུའོ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས“སྔོན་ཚུད་རེ་ཞུ་དང་། ཟོག་འབྱོར་བཤེར་གློད”དང“རིག་ནུས་རིས་བཤེར། བབ་བསྟུན་ཞིབ་བཤེར”ཁྱབ་གདལ་བཏང་ནས་བརྒྱུད་རིམ“ཉུང་གཏོང”དང་ལས་ཕྱོད་ཆེར་གཏོང་བྱུང་ཡོད་ཅེས་བརྗོད་པ་རེད།
ཧུང་ཆི་ལ་ཧྥུའུ་འགག་སྒོའི་འགག་སྒོ་སྒྲོལ་ཡུལ་དངོས་ནས་གསར་འགོད་པས་H986དོས་སྒམ་ཆེ་གྲས་ཀྱི་ཞིབ་བཤེར་མ་ལག་ལས། ཟོག་འདྲེན་རླངས་འཁོར་སྡོད་མི་དགོས་པར་དལ་གྱིས་བསྐྱོད་ཚེ་ཕྱོགས་ཡོངས་ནས་བཤེར་འབེབས་ཐུབ་པ་དང་། མ་ལག་གིས་དངོས་ཟོག་གི་ཆ་འཕྲིན་རང་འགུལ་ངང་དབྱེ་འབྱེད་བྱེད་པ་དང་རེ་ཞུའི་འཛིན་ཡིག་དང་བསྡུར་བ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་སྐར་ཆ་30ལས་འགོར་གྱི་མེད།
“མ་ལག་འདིས་དངོས་ཟོག་ལ་གནད་སྨིན་དབྱེ་འབྱེད་ཐུབ་ལ་ཞིབ་བཤེར་དུས་ཚོད་གྲོན་ཆུང་ཡང་བྱེད་ཐུབ་པས། འགག་སྒྲོལ་གྱི་ལས་ཕྱོད་ཆེ་རུ་ནུས་ལྡན་སོང་ཡོད”ཀྲུའུ་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་ཆད་མི་ཐབས་ལ་བརྟེན་ནས་ཟོག་འདྲེན་རླངས་འཁོར་ལ་ཞིབ་བཤེར་བྱེད་པར་ཉུང་མཐར་ཡང་སྐར་མ་40འགོར་གྱི་ཡོད། རྙོག་འཛིང་ཆེ་བའི་དངོས་ཟོག་དང་འཕྲད་ན་དུས་ཡུན་དེ་བས་ཀྱང་རིང་བ་འགོར་སྲིད། ད་ཆ་རིག་ནུས་མ་ལག་གི་ནུས་པར་བརྟེན་ནས་ཞིབ་བཤེར་གྱི་ལས་ཕྱོད་ཆེས་ཆེར་ཕྱིན་ཡོད་པ་རེད།
ལས་ཕྱོད་ཆེ་རུ་ཕྱིན་པ་དེ་མཐུན་སྦྱོར་མཉམ་འགུལ་ཐད་འབད་བརྩོན་བྱས་པ་ལས་དེ་བས་མཚོན་གྱི་ཡོད།
ཧུང་ཆི་ལ་ཧྥུའུ་འགག་སྒོ་ལས་ཁུངས་དང་ཁ་ཧྲི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དབར་མཉམ་འགུལ་ལམ་སྲོལ་བཙུགས་ཏེ“སྒོ་ཁྲལ་མེད་ཁུལ་དུ་ཚོང་ཟོག་གྲ་སྒྲིག་བྱེད་པ་དང་འགག་སྒོ་མྱུར་སྒྲོལ”བྱེད་སྟངས་ཁྱབ་གདལ་བཏང་བ་དང་། ཁེ་ལས་ཀྱིས་སྔོན་ལ་དངོས་ཟོག་ཁ་ཧྲི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དུ་དབོར་ནས་རེ་ཞུ་དང་ཞིབ་བཤེར་སོགས་དུས་འགོའི་འགྲོ་ལུགས་ལེགས་སྒྲུབ་བྱེད་ཀྱི་ཡོད། དངོས་ཟོག་སྐྱེལ་འདྲེན་བྱེད་འགོ་ཚུགས་རྗེས། ཧུང་ཆི་ལ་ཧྥུའུ་འགག་སྒོ་ནས་རྒྱལ་མཚམས་སྒྲོལ་བའི་ཞིབ་བཤེར་རྩིས་བསུབ་བྱས་ཚེ་མགྱོགས་མྱུར་འགག་སྒོ་སྒྲོལ་ཐུབ། གཞན་ཡང་། འགག་སྒོ་ལས་ཁུངས་ཀྱིས་ད་དུང་གློག་རྡུལ་རེ་ཞུ་དང་དྲ་ཐོག་ཞིབ་དཔྱད་སོགས་ཀྱི་ཞབས་ཞུ་ཁྱབ་གདལ་བཏང་བར་བརྟེན། ཁ་ལོ་བས་ས་ཡུལ་དངོས་སུ་ཤོག་བུའི་འཛིན་ཡིག་སྤྲོད་མི་དགོས་པར་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་བྱ་རིམ་བརྒྱུད་རེ་ཞུ་དང་འདྲི་རྩད་སོགས་བྱེད་ཐུབ།
“ད་ལོ་ངས་འདི་གར་དཔྱིད་གསར་དུས་ཆེན་ཐེངས་བཞི་པ་གཏོང་གི་ཡིན”ཀྲུའུ་ཡན་གྱིས་སྒེའུ་ཁུང་གི་ཕྱི་རོལ་ལ་ལྟ་དུས། རྒྱལ་ཁབ་ཀྱི་སྒོ་མོའི་སྟེང་གི་སྐར་ལྔའི་དར་དམར་དེ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། “ཁྱིམ་དུ་ལོག་ནས་མཉམ་འཛོམས་བྱེད་མི་ཐུབ་ནའང་། ‘མཁའ་ལམ’འདི་སྲུང་སྐྱོང་ཡག་པོ་བྱས་ཏེ་དངོས་ཟོག་དང་མི་སྣ་དེ་བས་མང་བ་བདེ་བླག་ངང་འགྲོ་འོང་ཐུབ་པར་བྱེད་ཀྱི་ཡིན། ལས་གནས་འདིར་བརྟན་སྲུང་བྱེད་རིན་ཆེན་པོ་འདུག”ཅེས་ཁོང་གིས་བཤད།
འབྲེལ་ཡོད་གསར་འགྱུར།