རང་རྒྱལ་དང་APECདཔལ་འབྱོར་དངོས་ཚན་གཞན་དག་དབར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་26.29ཟིན་པ།
དུས་མཚུངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་57.82%ཟིན་པ།
གསར་འགོད་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི“ཀྲུང་གོའི་ལོའི”དངོས་གཞིའི་བྱེད་སྒོ་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་དང་APECཡི་དཔལ་འབྱོར་དངོས་ཚན་གཞན་དག་དབར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་26.29ཟིན་ནས་དུས་མཚུངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་57.82%བཟུང་ཡོད། རང་རྒྱལ་གྱིས་ས་ཁོངས་མཁོ་སྤྲོད་འབྲེལ་ཐག་ཁྲོད“ལས་སྣོན་བཟོ་སྐྲུན”ནས“ཞིབ་སྤེལ་དང་། བཟོ་སྐྲུན། ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི”ཕྱོགས་སུ་འཕེལ་རྒྱས་བྱུང་བ་དང་APECདཔལ་འབྱོར་དངོས་ཚན་གྱི་ཕྱིར་གཏོང་ནང་འདྲེན་ཕྱོགས་གཉིས་ཀྱི་ཐད་ལ་ཤུགས་རྒྱག་བཞིན་ཡོད། དེའི་ནང་མཐོ་གསར་ལག་རྩལ་ཐོན་རྫས་ཕྱིར་གཏོང་བྱས་པར་སྒོར་དུང་ཕྱུར་ཁྲི་4.63ཟིན་པ་དེ་དུས་མཚུངས་ལས་8.1%འཕར་བ་དང་། ནུས་རྒྱུ་དང་། ཞིང་ལས་ཐོན་རྫས། གློག་འདྲེན་ཕྱེད་གཟུགས་སྒྲིག་ཆས། ཞིབ་ཚགས་དཔྱད་ཆས་སོགས་འགག་རྩའི་ཁྱབ་ཁོངས་ཀྱི་ནང་འདྲེན་བྱེད་ཚད་ཀྱང་ཅུང་མགྱོགས་པོ་འཕར་ཡོད། ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་མགྱོགས་མྱུར་འཕར་བ། གྲངས་གཞི་འཁོར་རྒྱུག་དང་གློག་རྡུལ་འཛིན་ཡིག་གིས་མཚོན་བྱེད་དུ་བྱས་པའི་གྲངས་འཛིན་ཚོང་དོན་དང་དེ་བཞིན་ནུས་རྒྱུ་གསར་པ་དང་ཐཱན་ཉུང་ཐོན་རྫས་སོགས་ལྗང་མདོག་ཚོང་དོན་དེ་ཕྱི་ཕྱོགས་ཚོང་དོན་འཕར་བའི་བཀྲག་མདངས་གསར་པ་ཞིག་ཏུ་གྱུར་ཡོད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་སྤྱི་འབོར་གོ་ལ་ཧྲིལ་པོའི་བཅུ་ཆ་དྲུག་ལས་བརྒལ་བ་དང་ཚོང་དོན་སྤྱི་འབོར་འཛམ་གླིང་གི་ཕྱེད་ཀ་ཙམ་ཟིན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སུ་གྱུར་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཀྲའོ་ཙེང་ལན་གྱིས། རང་རྒྱལ་གྱིས་ཀུན་ཕན་བསྟུན་མཁས་ལ་དམིགས་ནས་སྒོ་དབྱེའི་ཕན་པ་དེ་བས་མང་བ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ་གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་གོ་སྐབས་ཕྱོགས་ཁག་དང་མཉམ་སྤྱོད་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།