ལས་འགོ་ཚུགས་ནས་ཟླ་ཕྱེད་ལས་མ་སོང་བར་གློག་ཆས་སྒོར་ཁྲི་སྟོང་ལ་ཉེ་བ་བཙོངས་པ།
“འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལེགས་པས་ཉེ་ཆར་འཛད་སྤྱོད་པ་མང་པོ་ཅ་ལག་ཉོ་བར་ཡོང་གི་འདུག” ཚོང་ཁང་གི་འགན་འཁུར་བ་དབན་ཚུང་གིས་ངོ་སྤྲོད་བྱས་དོན། ཧོ་ནན་ཞིང་ཆེན་ཚོང་དོན་ཐིང་སོགས་སྡེ་ཚན་3གྱིས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལ་གཞིགས་ན། འཁྱགས་སྒམ་དང་དྲོ་སྙོམས་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་དང་། ལག་ཐོགས་ཁ་པར། ངོས་ལེབ་གློག་ཀླད་སོགས་གྲངས་འཛིན་རིག་ནུས་ཐོན་རྫས་རིགས་4ཁ་གསབ་ཁྱབ་ཁོངས་སུ་བཅུག་པ་དང་། རིམ་པ་དང་པོའི་ནུས་གསལ་ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་བསྡུར་ཚད་15%ཟིན་ནས་ཁ་གསབ་མང་ཤོས་སྒོར་1500ཟིན་གྱི་ཡོད། གྲངས་འཛིན་རིག་ནུས་ཐོན་རྫས་ལ་ཁ་གསབ་15%ལྟར་སྤྲད་ན་ཁ་གསབ་མང་ཤོས་སྒོར་500ཟིན་གྱི་ཡོད།
ཚོང་ཁང་གིས་ཀྱང་ཐོན་རྫས་སྤུས་ལེགས་བཏོན་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ཡོད། གསར་འགོད་པ་རྟོག་བཟོའི་དངོས་རྣམ་ཉོ་སྒྲུབ་ཁུལ་དུ་བསྐྱོད་དེ་སྒྲིག་ཆས་སྤྱད་དེ་བར་མཐོངས་རྩིས་རྒྱག་ལག་རྩལ་སྤྱད་ན་དངོས་ཡོད་ཀྱི་བསྡུར་ཚད་ཐོག་ནས་སྡོད་ཁང་གི་རྣམ་པ་མངོན་གསུམ་དུ་མངོན་ཐུབ་ཀྱི་ཡོད། དྲོད་སྙོམས་འཕྲུལ་ཆས་འདེམས་སྐབས་ཟུར་ཚད་མི་འདྲ་བའི་ཐོག་ནས་མཁའ་རླུང་ཚགས་སྡོམ་འཕྲུལ་འཁོར་གྱི་ཞིབ་ཆར་ལྟ་ཞིབ་ཐུབ་པ་དང་འདྲ་བཟོས་འཛེར་སྒྲ་ཉན་ཆོག་གི་ཡོད། འཁྱགས་སྒམ་ལ་ལྟ་སྐབས། ནང་ངོས་ཀྱི་བང་རིམ་བཀོད་པ་གསལ་པོར་མཐོང་ཐུབ་པ་དང་། ད་དུང་གྲང་བཟོའི་སྒྲིག་ཆས་འཁོར་སྐྱོད་བྱེད་སྐབས་ཀྱི་སྒྲ་མེད་ནུས་པ་ཚོར་ཐུབ་ཀྱི་ཡོད།
“འཛད་སྤྱོད་པ་ཁག་གཅིག་གིས་གློག་ཆས་ཉོས་ན་ཁྱིམ་དུ་སྒྲིག་སྐབས་འཚམ་པོ་ཡོང་མིན་ལ་སེམས་ཁྲལ་བྱེད་ཀྱི་ཡོད། ང་ཚོས་ལག་རྩལ་གྱི་བྱེད་ཐབས་སྤྱད་ནས་དཀའ་ངལ་དེ་དག་སེལ་ཐབས་བྱེད་ཀྱི་ཡོད”ཅེས་དབན་ཚུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་འཛད་སྤྱོད་པར་རྟོག་བཟོའི་དངོས་རྣམ་སྒྲིག་ཆས་དང་། གློག་ཆས་ཀྱི་ལེགས་ཆ་དང་སྐྱོན་ཆ། དེ་བཞིན་འབྲེལ་ཡོད་སྲིད་ཇུས་ཀྱི་གཟིགས་སྐྱོང་ཆ་འཕྲིན་བཅས་ངོ་སྤྲོད་དེ་བས་ཡག་པོ་བྱས་ཏེ། ཚང་མ་བློ་བདེ་པོ་དང་སེམས་ཁྲལ་མེད་པ་བྱེད་ཀྱི་ཡོད། ཚོང་ཁང་གིས་ད་དུང་ཁ་གསབ་བློ་འདྲིའི་སྟེགས་བུ་བཙུགས་པ་དང་ཉོ་ཚོང་སྣེ་ཤན་པ་ཚང་མར་ཁ་གསབ་ཕྱོགས་སྟོན་ལག་དེབ་རེ་སྤྲད་ཡོད། “ཉིན་ལྟར་འཛད་སྤྱོད་པ་བརྒྱ་གྲངས་ཀྱིས་ཁ་གསབ་སྲིད་ཇུས་བློ་འདྲི་བྱེད་ཀྱི་ཡོད་པ་དང་ང་ཚོས་འགག་རྩའི་ཆ་འཕྲིན་གསལ་པོ་ཤོད་ཀྱི་ཡོད”ཅེས་བཤད།
“ཚོང་ཁང་ཟླ་1ཚེས་17ཉིན་སྒོ་ཕྱེ་བ་དང་ཟླ་དེ་རང་ལ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་སྟོང་ལ་ཉེ་བ་བྱུང་ཡོད། འཛད་སྤྱོད་པས་སྤྲིན་རྩིས་མྱུར་སྤྲོད་ཀྱི་བྱ་རིམ་ཆུང་ངུ་བརྒྱུད་དངོས་མིང་དཔང་འདོན་གྱིས་ཁ་གསབ་འཛིན་ཤོག་བླངས་ན་ཆོག་ཅིང་། དེ་ནས་ཚོང་ཁང་དུ་དངོས་སུ་རིན་པ་སྤྲོད་སྐབས་སྐབས་ཐོག་ཏུ་ཚབ་འཕྲི་བྱེད་ཀྱི་ཡོད། སྲིད་ཇུས་ཡག་པོ་ལས་རིན་གོང་ཁེ་པོ་བྱུང་བའི་ཁར་ཉམས་ལེན་ཡག་པོ་དང་ཞབས་ཞུ་ཡག་པོ་ཡོད་པས་འཛད་སྤྱོད་པ་མི་ཉུང་བ་ཞིག་གིས་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོ་གི་འདུག”ཅེས་དབན་ཚུང་གིས་བཤད།
རིག་ནུས་ཁྱིམ་སྤྱོད་གློག་ཆས་ཉམས་ལེན་ཁུལ་དུ་ཀྲེང་ཀྲོའུ་ཀྲུང་མུའུ་རྫོང་གི་གྲོང་གསེབ་ནས་ཡོང་བའི་ཀྲང་ཅན་གོ་ཡིས་གོས་འཁྲུད་འཕྲུལ་ཆས་ཉོས་མ་ཐག་ཡིན་ཞིང་། ཁོང་གིས“ཐོག་མའི་རིན་གོང་སྒོར་3999ཡིན་པ་དང་། རིམ་པ་དང་པོའི་ཆུ་ནུས་ཚད་གཞིའི་སྟེང་ལས་སྟེགས་ཀྱི་གཟིགས་སྐྱོང་ཁ་གསབ་བསྣན་ན། མཐར་རིན་གོང་སྒོར་3200ལས་སྤྲོད་དགོས་མིན་འདུག ལོ་3རིང་བཟོ་བཅོས་རྒྱག་དགོས་མེད་པར་ཐད་ཀར་གསར་པ་བརྗེ་རྒྱུ་འདུག”ཅེས་བཤད།
ཀྲང་ཅན་གོ་དང་འདྲ་བར་སྲིད་ཇུས་ཀྱི་གཟིགས་སྐྱོང་ལ་བརྟེན་ནས་ཁྱིམ་སྤྱོད་གློག་ཆས་ཉོ་མཁན་གྲོང་གསེབ་ཀྱི་འཛད་སྤྱོད་པ་མི་ཉུང་བ་ཞིག་ཡོད། ཁྱིམ་སྤྱོད་གློག་ཆས་ཀྱི་སྤུས་རྟགས་བརྒྱུད་ཚོང་པ་ཝང་ཧའེ་ཐའོ་ཡིས་གྲོང་གསེབ་ཀྱི་ཁྱིམ་ཚང་ཁག་གཅིག་གི་ཁང་པའི་རྒྱ་ཁྱོན་ཆེ་བ་དང་གློག་གྲོང་ཁྱེར་དང་བསྡུར་ན་བརྟན་པོ་མེད་པས་དྲོད་སྙོམས་འཕྲུལ་ཆས་ཀྱི་གྲང་བཟོ་དང་ཚ་བཟོའི་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེར་བརྟེན་ཁོང་དང་བཟོ་གྲྭས་གྲོང་གསེབ་ལ་འཚམ་པའི་ནུས་ཚད་ཆེ་བ་དང་གློག་གནོན་ཆེ་བའི་དྲོད་སྙོམས་འཕྲུལ་ཆས་ཁག་གཅིག་བཟོས་ཡོད།
“གྲོང་གསེབ་ས་ཁུལ་གྱི་འཛད་སྤྱོད་པས་བཙོངས་རྗེས་ཀྱི་ཞབས་ཞུའི་ལས་དོན་ས་ཚིགས་ཉུང་བ་དང་ཉམས་བཟོ་སྟབས་བདེ་པོ་མེད་པའི་སེམས་ཁྲལ་བྱེད་ཀྱི་ཡོད། ང་ཚོས་ཁྱིམ་སྤྱོད་གློག་ཆས་ཉམས་བཟོའི་ལས་དོན་ས་ཚིགས་དང་མཉམ་དུ‘ཤང་དང་གྲོང་རྡལ་དུ་ཉིན་ཕྱེད་འབྱོར་བའི’སྒྲིག་སྦྱོར་དང་བཙོངས་རྗེས་ཀྱི་དང་ལེན་ཞབས་ཞུ་ཁྱབ་གདལ་བཏང་བས་ཚང་མའི་གདེང་འཇོག་ཡག་པོ་འདུག་ལ་གསར་པ་བརྗེ་འདོད་ཡང་ཆེན་པོ་འདུག”ཅེས་ཝང་ཧའེ་ཐའོ་ཡིས་བཤད།
“འཛད་སྤྱོད་ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་མི་འདྲ་བས་ཕྱིར་ཚོང་གི་གཙོ་གནད་འདྲ་གི་མེད། ན་གཞོན་འཛད་སྤྱོད་པས་ཁང་པ་ཚང་མར་དྲ་སྦྲེལ་ཐུབ་པ་སོགས་ཀྱི་ནུས་པ་ལྡན་པའི་ཐོན་རྫས་ལ་དེ་བས་དོ་ཁུར་བྱེད་པ་དང་། ལོ་ན་ཅུང་རྒན་པའི་འཛད་སྤྱོད་པས་བཀོལ་སྤྱོད་སྟབས་བདེ་དང་མནན་ཐེངས་གཅིག་ལ་སྤྱོད་ཐུབ་པའི་ཁྱིམ་སྤྱོད་གློག་ཆས་ལ་དེ་བས་དགའ་པོ་བྱེད་ཀྱི་ཡོད”ཅེས་ཝང་ཧའེ་ཐའོ་ཡིས་ངོ་སྤྲོད་བྱས།
ཉེ་ཆར་འབྲེལ་ཡོད་སྡེ་ཚན་གྱིས་ཁ་གསབ་རེ་ཞུའི་དཔྱད་ཡིག་སྟབས་བདེ་རུ་བཏང་ནས་དྲ་ཐོག་རེ་ཞུའི་བགྲོད་ལམ་ཤར་གཏོང་བྱས་ཏེ་ཁ་གསབ་དངུལ་འབྱོར་བའི་དུས་ཡུན་ཟླ་ཕྱེད་ཙམ་བར་ཐུང་དུ་བཏང་ཡོད། “སླད་ཕྱིན་ཁ་གསབ་མ་དངུལ་འཕྲལ་དུ་སྤྲོད་ཐུབ་པའི་རེ་བ་ཡོད”ཅེས་ཝང་ཧའེ་ཐའོ་ཡིས་བཤད།
ཐེན་མའོ་ཚོང་ཟོག་རྩེ་གྲའི་ཧོ་ནན་ས་ཁོངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་དང་ས་གནས་ཀྱི་ཁ་གསབ་ཡོད་པའི་རྨང་གཞིའི་ཐོག་ལས་སྟེགས་ཀྱི་གཟིགས་སྐྱོང་ཁ་གསབ་བསྣན་ནས་ཁྱིམ་སྤྱོད་གློག་ཆས་ཁག་གཅིག་གི་གོང་ཚད་བཅུ་ཆ་བདུན་བར་ཆག་པ་དང་། ཤང་དང་གྲོང་རྡལ་གྱི་ཞབས་ཞུའི་ལས་དོན་ས་ཚིགས་1000ལྷག་ཙམ་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་པར་སྟབས་བདེའི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།
ཧོ་ནན་ཞིང་ཆེན་ཚོང་དོན་ཐིང་གི་ཁྲོམ་ར་འཁོར་སྐྱོད་དང་འཛད་སྤྱོད་སྐུལ་འདེད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཁྲེན་ཅོན་གྱིས། ཁ་གསབ་མ་དངུལ་སྤྲོད་པའི་བརྒྱུད་རིམ་མུ་མཐུད་ལེགས་སུ་གཏོང་བ་དང་ཁེ་ལས་ཀྱི་རྩིས་ཡུན་ཐུང་དུ་གཏོང་གི་ཡིན་ཞེས་བཤད་པ་རེད། འཛད་སྤྱོད་པ་ཁག་གཅིག་གིས་ཚོང་པས“སྔོན་ལ་གོང་ཚད་སྤར་ནས་རྗེས་ལ་ཁ་གསབ་སྤྲོད་ཀྱི་འདུག”ཅེས་ཤོད་པའི་གནད་དོན་ལ་དམིགས་ནས། ཚོང་དོན་པུའུ་ཡིས་ཁྲོམ་རའི་ལྟ་འདོམས་སྡེ་ཚན་དང་མཉམ་དུ་ཚོང་པར་ཐོག་མའི་རིན་གོང་དང་། ཁ་གསབ་མ་སྤྲད་གོང་གི་རིན་གོང་། ཁ་གསབ་དངུལ་གྲངས་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་རེད། གལ་ཏེ“སྔོན་ལ་གོང་ཚད་སྤར་ནས་རྗེས་ལ་ཁ་གསབ་སྤྲོད་པ”དང་དྲིལ་བསྒྲགས་རྫུན་མ་བྱེད་པ་སོགས་ཀྱི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། རྙིང་ཚབ་གསར་བརྗེའི་སྲིད་ཇུས་ལ་ཞུགས་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།