འགག་སྒོ་མཛའ་གཅུཌ་གསེར་ཟམ་འདྲ། མཐའ་མཚམས་ཉོ་ཚོང་འཁྲུག་ཆ་དོད།
བོད་ལྗོངས་ལེགས་རྩེ་འགག་སྒོ་ནས་ཀྲུང་གོ་དང་ནེ་པ་ལའི་ཚོང་དོན་འཕོ་འགྱུར་ལ་ལྟ་བ།
ལེགས་རྩེ་འགག་སྒོ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་གནས་པ་དང་། འགག་སྒོ་དེའི་ལྷོ་ཕྱོགས་ནི་ནེ་པ་ལའི་སྨོན་ཐང་རྫོང་དང་འདབས་འབྲེལ་ཡིན་པ་རེད། ལེགས་རྩེ་འགག་སྒོ་2023ལོའི་ཟླ་11ཚེས་13ཉིན་ཤར་གཏོང་ཐུབ་ཅིང་། དེ་ནི་དངོས་སུ་ཤར་གཏོང་བྱས་པའི་བོད་ཀྱི་སྐམ་སའི་འགག་སྒོ་ཨང་བཞི་པ་དེ་རེད། 2025ལོའི་ཟླ་9ཚེས་6ཉིན། ལེགས་རྩེ་འགག་སྒོ་དང་གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་མཉམ་དུ་ཤར་གཏོང་ཐུབ་ནས་ཟླ་བ་དེའི་ཕྱིར་གཏོང་དངོས་ཟོག་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བ་རེད།
འགག་སྒྲོལ་བྱས་ཏེ་ཚོང་ཟོག་གི་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་བཏང་ཞིང་། དེ་སྔོན་འགག་སྒོ་ནས་ལུག་དང་གཏེར་ཚྭ་སོགས་སྤྱིར་བཏང་ཐོན་རྫས་གཙོ་བོར་བྱས་ནས་ཕྱིར་གཏོང་བྱེད་ཀྱི་ཡོད་ནའང་། ད་ཆ“ཐོན་གསར་གསུམ”དང་འཕྲུལ་ཆས་ཆེ་གྲས་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པ་རེད། བོད་དུ་ཕྱི་ཕྱོགས་ཚོང་དོན་གཉེར་མཁན་ཁེ་ལས་ཀྱི་འགན་འཁུར་བ་ཟླ་བས“ལེགས་རྩེ་འགག་སྒོ་ནས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་བར་གྱི་འགྲོ་ལམ་བདེ་ཞིང་ཤར་བགྲོད་ཐུབ་པའི་ཁར་ཆར་དུས་ཀྱི་ཤུགས་རྐྱེན་ཡང་ཅུང་ཆུང་བས། སྐྱེལ་འདྲེན་གྱི་མ་གནས་མང་པོ་གྲོན་ཆུང་ཐུབ་ཀྱི་ཡོད”ཅེས་བཤད་པ་རེད།
“མཉམ་དུ་འགག་སྒྲོལ་ཐུབ་རྗེས་ལས་ཕྱོད་དེ་བས་ཆེ་རུ་ཕྱིན་སྟབས། ང་ཚོའི་ཀུང་སིའི་ལས་སྒོ་ཕལ་ཆེ་བ་འདི་གར་སྤོས་ཡོད”ཅེས་བོད་ལྗོངས་ཅཱ་ཡུས་སྒོ་ཁྲལ་སྙན་ཞུ་ཞིབ་བཤེར་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀེང་ཆན་ལུང་གིས་བརྗོད་ཅིང་། གཞིས་རྩེ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་690ཆོད་པའི་ལེགས་རྩེ་འགག་སྒོ་དེ་ཉིད་ཟོག་འགྲུལ་ཁེ་ལས་དང་ཕྱི་ཕྱོགས་ཚོང་དོན་ཀུང་སིས་ནེ་པ་ལར་ཚོང་ཟོག་ཕྱིར་གཏོང་བྱེད་སའི་བགྲོད་ལམ་གལ་ཆེན་དུ་འགྱུར་བཞིན་ཡོད་པ་རེད།
ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོར། ལེགས་རྩེ་འགག་སྒོས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཏུན་13710ལ་ལྟ་འདོམས་བྱས་པ་དང་། ཟོག་ཐང་སྒོར་དུང་ཕྱུར་7.54ཟིན་པ་རེད།
བགྲོད་ལམ་སྟབས་བདེ་ལས་ཚོང་ཟོག་འཁོར་རྒྱུག་དང་མི་སྣ་འགྲོ་འོང་དེ་བས་སྟབས་བདེ་རུ་ཕྱིན་ཞིང་། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་བསྡོམས་རྩིས་ལྟར་ན། 2025ལོའི་ལོ་ཧྲིལ་པོར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་46000ཙམ་ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་50%ལྷག་ཙམ་འཕར་ཡོད་པ་རེད།
འབྲོང་པ་རྫོང་ལེགས་རྩེ་གྲོང་རྡལ་ལེགས་རྩེ་གྲོང་ཚོའི་ཡུལ་མི་དགྲ་འདུལ་ད་ཆ་ས་ཕྱོགས་གཞན་དུ་གླ་པ་རྒྱུག་ཏུ་འགྲོ་དགོས་མེད་པར་ཁྱིམ་གྱི་སྒོ་རྩར་ཟོག་འདྲེན་རླངས་འཁོར་ལ་ཚོང་ཟོག་འབེབས་འཇུག་གི་ལས་ཀ་བྱེད་ཀྱི་ཡོད་ཅིང་། ལས་ཀ་མང་དུས་དགྲ་འདུལ་གྱིས་ཉིན་གཅིག་ལ་དངོས་ཟོག་རླངས་འཁོར་གཅིག་འབེབས་འཇུག་བྱས་ཚེ། རླངས་འཁོར་རེ་ནས་ཡོང་འབབ་སྒོར་1500རག་གི་ཡོད་པས། “གླ་ཆ་མཐོ་བ་དང་ཁྱིམ་ཚང་ལ་ལྟ་རྟོག་ཀྱང་ཐུབ་པའི”བསམ་འདུན་མངོན་འགྱུར་བྱུང་ཡོད།
གསར་འགོད་པས་ལེགས་རྩེ་འགག་སྒོ་ནས་མཐོང་བ་ལྟར་ན། གསར་དུ་བསྐྲུན་པའི་མཐའ་མཚམས་ཁྲོམ་རའི་ཤེལ་ཁང་དཀར་ཆ་དོད་པ་དང་། ཚོང་དུད་ཚང་མར་གཏན་འཇགས་ཀྱི་ཁྲོམ་བཀྱག་ཡོད་ལ་ཆུ་གློག་གི་མཐུན་རྐྱེན་ཡང་འཛོམས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་མཐའ་མཚམས་ཁྲོམ་རར་ཡུལ་མིའི་ཉོ་ཚོང་བྱེད་ཚད་སྒོར་ཁྲི་735.7ཟིན་གྱི་ཡོད་པ་རེད།
འགག་སྒོ་དབྱར་མཚོ་རྒྱས་པ་བཞིན་དར་རྒྱས་བྱུང་ཞིང་དེས་ཡུལ་ལུང་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་སྐུལ་ཁྲིད་བྱེད་བཞིན་ཡོད། འབྲོང་པ་རྫོང་ལེགས་རྩེ་གྲོང་རྡལ་ཚ་རོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་འཕེལ་གྱིས་ཡུལ་མིའི་སྣེ་ཁྲིད་ནས་ཁྱད་ལྡན་ཚོང་ཁང་གཉེར་རྒྱུའི་གྲ་སྒྲིག་བྱེད་བཞིན་མཆིས། “ང་ཚོས་ཡུལ་མིའི་ཁྱིམ་གྱི་ཚགས་ཤ་སྐམ་པོ་འཚོང་རྩིས་ཡོད། ཚང་མའི་ཡོང་འབབ་མང་དུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད”ཅེས་ཁོང་གིས་བཤད། ད་ཆ་འགག་སྒོའི་མཐའ་འཁོར་དུ་ཡུལ་མི་མང་པོས་མ་དངུལ་བསྡུ་རུབ་བྱས་ནས་ཚོང་ཁང་བཙུགས་ཏེ་ཁང་གླ་བཏང་བ་དང་། བོགས་དངུལ་བགོ་འགྲེམས་བྱས་ནས་འགག་སྒོ་འཕེལ་རྒྱས་ཀྱིས་བསྩལ་བའི་ཁེ་སྤོགས་ལོངས་སུ་སྤྱོད་བཞིན་ཡོད།
ལྷན་སྦྱར་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། ལེགས་རྩེ་འགག་སྒོ་དེ་བས་འཁྲུག་ཆ་དོད་དུ་འགྲོ་ངེས་རེད། ས་བབ་སྨི་4772ཟིན་པའི་འགག་སྒོ་དེ་ས་ཁམས་ཀྱི་གནས་ཚད་ཅིག་ནས་རིམ་བཞིན་ཀྲུང་གོ་དང་ནེ་པ་ལ་འབྲེལ་མཐུད་བྱེད་སའི་ཚོང་དོན་གྱི་ལྟེ་གནས་དང་དམངས་ཕྱུག་མཐའ་དར་གྱི་འཕེལ་རྒྱས་ཀྱི་ལས་སྟེགས་སུ་འགྱུར་བཞིན་ཡོད་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།