དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཧྥེ་རི་ཁའི་གསར་འགོད་པ་གསུམ་གྱིས་ཀྲུང་གོར་ལྟ་སྐོར་དང་བཅར་འདྲི་བྱེད་རིང་གི་མཐོང་ཐོས་གླེང་བ།

    ཀྲུང་གོར་བསྐྱོད་པ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འབྱུང་འགྱུར་སྐོར་ལ་གླེང་མོལ་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝེ་ཧོ། ཏའེ་ཁའེ་རན། ཀྲང་ཀྲི་ཝུན།   |     སྤེལ་དུས།  2026-02-07

    འདི་ནི་ཡུན་ནན་ཐུང་ཆོན་གྱི་རླུང་གློག་ར་བ་ཡིན་པ།

    འདི་ནི་ཤིན་ཅང་གི་ཁྱད་ལྡན་ཤིང་འབྲས(ཨ་ཁེ་སུའུ)ཚོང་འདུས་སྐབས་བཅུ་གཅིག་པའི་འགོ་ཚུགས་མཛད་སྒོའི་ཐོག་པར་ཏིས་འཕྲུལ་མི་དང་མཉམ་འགུལ་བྱེད་བཞིན་པ།

    2026ལོ་ནི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོ”ཡིན་ཞིང་། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ཕྱོགས་ཡོངས་དང་རིམ་པ་མང་བའི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་མི་དམངས་དབར་སྔར་བས་སྙིང་ཉེ་བ་དང་། མཉམ་ལས་སྔར་བས་རྒྱ་ཆེར་འགྲོ་བ། མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་བ་བཅས་བྱུང་ཡོད། ཨ་ཧྥེ་རི་ཁའི་སྨྱན་སྦྱོར་བ་དེ་བས་མང་བ་ཀྲུང་གོར་ཡོང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་འཕར་རྩ་དང་དེ་བཞིན་དེའི་ནང་འདུས་པའི་གོ་སྐབས་ཆེན་པོ་ཚོར་ཡོད། ཉེ་ཆར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གསར་འགོད་པ་3གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་ཞིབ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་སྐོར་གྱི་བསམ་གཞིག་ལྷུག་པོར་གླེང་བ་རེད།

    ཀི་ནེ་ཡ་པི་སོའི《མདུན་སྐྱོད་ཚགས་པར》གྱི་གསར་འགོད་པ་པར་ཏི།

    “རྩེ་རིམ་ཇུས་འགོད་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་མངོན་སུམ་དུ་འགྱུར་བར་སྐུལ་འདེད་གཏོང་དགོས”

    “ཀྲུང་གོའི་ས་ཆར་བསྐྱོད་ཚེ། གཞི་ནས་དེའི་འཕེལ་རྒྱས་མངོན་སུམ་དུ་ཚོར་ཐུབ”2025ལོའི་ཟླ་8པ་ནས་12པའི་བར་ཀི་ནེ་ཡ་པི་སོའི《མདུན་སྐྱོད་ཚགས་པར》གྱི་གསར་འགོད་པ་ཨ་ལི་ཝུའུ·པར་ཏིས་རྒྱལ་ཁབ་དེའི་སྨྱན་སྦྱོར་གྱི་འཐུས་མིའི་ངོས་ནས་གོ་ལ་ཧྲིལ་པོའི་གསར་འགོད་པ་བརྒྱ་ཙམ་དང་མཉམ་དུ་ཀྲུང་གོའི་ཞིང་ཆེན་མང་པོར་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་རེད། ཁོང་གིས་ད་ཐེངས་ཀྱི་ལྟ་སྐོར་བརྒྱུད་ཀྲུང་གོར་ལྗང་མདོག་དང་གསར་གཏོད་ནི་འབོད་ཚིག་ཙམ་མིན་པར་ཀྲུང་གོའི་འཕེལ་རྒྱས་ཀྱི་ཐབས་ལམ་བསྐྱར་དུ་བཏོད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པ་མཐོང་བྱུང་ཞེས་བརྗོད་པ་རེད།

    དུས་ཡུན་ཟླ་བ་བཞིའི་རིང་ཀྲུང་གོར་ལྟ་སྐོར་བྱས་པ་ལས། པར་ཏིར་ཀྲུང་གོའི་ས་གནས་ཁག་གི་ལག་ལེན་ནི་ཁེར་རྐྱང་གི་ཚོད་ལྟ་ཞིག་མིན་པར་དངོས་སྒྲུབ་དང་རྒྱང་ལྟའི་རང་བཞིན་ལྡན་པའི་རྒྱུན་མཐུད་འཐབ་ཇུས་ཆ་ཚང་ཞིག་ཡིན་པ་མྱོང་ཚོར་བྱུང་ཡོད། ཆེད་དོན་བགྲོ་གླེང་བརྒྱུད་པར་ཏིར་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀྲུང་གོའི་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་དང་ལྗང་མདོག་ལ་ཕྱོགས་སྒྱུར་བྱེད་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པ་སྔར་བས་ཁ་གསལ་བཏོན་ཡོད་པ་རེད།

    པར་ཏིས་ཀྲུང་གོས་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་དེ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་དང་མཉམ་འདྲེས་བྱས་པ་དེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་གཞོལ་བ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་ངོས་ནས་བརྗོད་ན་དཔྱད་གཞིར་འཛིན་ཆོག་པའི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། “ཀི་ནེ་ཡ་པི་སོ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ནུས་རྒྱུ་གཙང་མ་དང་། རིག་ལྡན་ཞིང་ལས། ལྗང་མདོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་ཀྲུང་གོ་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་གཏིང་ཟབ་བྱེད་ཆོག ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་རང་འགུལ་ངང་ཇུས་འགོད་བྱས་ཏེ། ལྗང་མདོག་ཚན་རྩལ་དང་མ་ལག་བཅོས་སྐྱོང་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་དེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ཇུས་གཞིར་བསྒྱུར་དགོས། ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་ལ་འབྱུང་འགྱུར་གྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རེ་བས་ཁེངས་པའི་ལག་ལེན་གྱི་དཔྱད་གཞི་མཁོ་འདོན་བྱས་ཡོད”ཅེས་པར་ཏིས་བརྗོད།

    རུ་ཝང་ཏའི་སྨྱན་སྦྱོར་གྱི་བསླབ་པ་རྒན་གྲས་མུའུ་པན་ཏ།

    “ཀྲུང་གོ་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དམངས་ཚོགས་ལ་གསར་གཏོད་ལས་བྱུང་བའི་བདེ་སྐྱིད་ལོངས་སྤྱོད་ཐུབ་པར་བྱས་ཡོད”

    “ཀྲུང་གོར་ཐེངས་དང་པོ་སླེབས་སྐབས་ཀྱི་ཧང་སངས་པའི་ཚོར་སྣང་དེ་བརྗེད་ཐབས་བྲལ”རུ་ཝང་ཏའི“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དཔྱད་གཏམ”དྲ་ཚིགས་གཏོད་མཁན་དང་སྨྱན་སྦྱོར་གྱི་བསླབ་པ་རྒན་གྲས་ཅེ་ལར་ཏེ·མུའུ་པན་ཏས“ཀྲུང་གོའི་ས་ཆར་སླེབས་པ་དང་གཙང་ལ་རྒྱ་ཆེ་བའི་ཁྲོམ་གཞུང་དུ་སྐྱོད་སྐབས་དམངས་ཚོགས་ཀྱི་བདེ་སྡོད་ལས་བརྩོན་གྱི་རྣམ་པ་མཐོང་བྱུང་། ཕྱོགས་ཞེན་གྱི་ལྟ་ཚུལ་ལྡན་པའི་ནུབ་ཕྱོགས་སྨྱན་སྦྱོར་གྱི་དྲིལ་བསྒྲགས་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། ཀྲུང་གོའི་གཟུགས་བརྙན་ཇི་མ་ཇི་བཞིན་དང་གསོན་ཉམས་དོད་པོས་ངའི་མིག་ལམ་དུ་མངོན་བྱུང”ཞེས་མྱོང་ཚོར་ཟབ་མོས་བརྗོད།

    མུའུ་པན་ཏས་ཀྲུང་གོའི་འཕེལ་རྒྱས་ལ་ཡུན་རིང་དོ་ཁུར་བྱེད་པ་དང་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་ཤིང་། 2024ལོའི་ཟླ་8པར་མུའུ་པན་ཏ་ཐེན་ཅིན་དུ་འཚམས་འདྲིར་ཡོང་ཡོད། ཀྲུང་ཤིན་ཐེན་ཅིན་སྐྱེ་ཁམས་གྲོང་དུ་གྲངས་འཛིན་ལག་རྩལ་དང་ནུས་རྒྱུ་གཙང་མས་མཐུན་རྐྱེན་སྦྱར་བའི་གྲོང་ཁྱེར་གཉེར་སྐྱོང་དོ་དམ་དང་འཕེལ་རྒྱས་ལས་མུའུ་པན་ཏར་བག་ཆགས་ཟབ་མོ་བཞག་ཡོད། མུའུ་པན་ཏས“ཀྲུང་གོས་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལག་རྩལ་དང་གསར་གཏོད་ཁྱབ་ཁོངས་སུ་ཡར་ཐོན་བྱུང་བ་མ་ཟད། ད་དུང་བཟོ་ལས་ཐོན་སྐྱེད་དང་། འགྲིམ་འགྲུལ་ཟོག་འགྲེམས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཡོད། ཀྲུང་གོ་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དམངས་ཚོགས་ལ་གསར་གཏོད་ལས་བྱུང་བའི་བདེ་སྐྱིད་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད”ཅེས་བརྗོད།

    མུའུ་པན་ཏས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོས་འཕེལ་རྒྱས་ཀྱི་འཆར་འགོད་ཁ་གསལ་བཟོས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་ཡོད་ཅེས་བརྗོད་པ་དང་། ཁོང་གིས“ཀྲུང་གོས་དེང་རབས་ཅན་གྱི་འགྲོ་ལམ་གྲུབ་འབྲས་ཐོབ་པའི་ངང་རྒྱ་སྐྱེད་བཏང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་དང་གདེང་འཇོག་ཡག་པོ་ཐོབ་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་དཔྱད་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད”ཅེས་བརྗོད།

    ཐུ་ནི་སིའི“ཨ་ཧྥེ་རི་ཁའི་གསུང་སྒྲ”རླུང་འཕྲིན་ལས་ཁུངས་འཛུགས་མཁན་ལའེ་ལཱ།

    “ཀྲུང་གོའི་རང་ངོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཡིན་པ་མ་ཟད། ད་དུང་རྒྱལ་སྤྱིའི་མཉམ་ལས་ལའང་འཆར་གཞི་གསར་པ་བཀོད་ཡོད”

    “ང་ན་ནིང་ཀྲུང་གོར་བསྐྱོད་པ་ནི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འབྱུང་འགྱུར་སྐོར་གྱི་སྐད་ཆ་ཤོད་རེས་གཏིང་ཟབ་བྱས་པ་ཞིག་དང་འདྲ”ཞེས་ཐུ་ནི་སིའི“ཨ་ཧྥེ་རི་ཁའི་གསུང་སྒྲ”རླུང་འཕྲིན་ལས་ཁུངས་འཛུགས་མཁན་ལའེ་ལཱ·ཨ་ཐི་ལ་ཧོས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད། ན་ནིང་ཁོང་མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་2025ལོའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་བཅར་འདྲིའི་བརྟག་ཞིབ་ནང་ཞུགས་ནས་ཡུན་ནན་གྱི་ས་ཆ་མང་པོར་བཅར་འདྲིར་བསྐྱོད་ཅིང་། ཁོང་གིས་ལྟ་ན་སྡུག་པའི་ཡུལ་ལྗོངས་མཐོང་བ་མ་ཟད། ཐོན་སྐྱེད་ནུས་ཤུགས་གསར་མས་ཀྲུང་གོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྦྱིན་པའི་དཔང་པོའང་བྱས་ཡོད།

    ལའེ་ལཱ་ཡིས། བཅར་འདྲི་བྱེད་རིང་ཚན་རྩལ་གསར་གཏོད་དང་། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་ལ་ཀྲུང་གོར་ཐོབ་པའི་གྲུབ་འབྲས་གཡུར་དུ་ཟ་བ་ནི་མཛེས་རིས་ཤིག་དང་འདྲ་བར་ངའི་མིག་ལམ་དུ་གསོན་ཉམས་དོད་པོས་མངོན། ཡུན་ནན་ཐུང་ཆོན་རླུང་གློག་ར་བར་ངས་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་ཤེས་རྟོགས་ཟབ་མོའང་བྱས་པ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།