ཀྲུང་གོ་དང་ལོ་སིའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་ཐུན་མོང་ཐོག“ཀྲུང་ལོའི་མཛའ་གྲོགས་ལོའི”བྱེད་སྒོ་སྤེལ་རྒྱུའི་ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་འཕྲིན་ལན་སྤྲིངས་ནས། 2026ལོ“ཀྲུང་ལོའི་མཛའ་གྲོགས་ལོར”གཏན་འཁེལ་བྱས་ནས་རྟེན་འབྲེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོ་ནི་རི་ཆུ་འབྲེལ་ཞིང་མི་རབས་ནས་མི་རབས་བར་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་ཡག་པོ་དང་གྲོགས་པོ་ཡག་པོ་དང་། བློ་སེམས་གཅིག་མཐུན་དང་ལས་དབང་གཅིག་མཐུན་གྱི་བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ་བཅས་རེད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་དང་། མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་འགྲན་སློང་བསུས་ཏེ་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་ཐུག་འཕྲད་ཐེངས་མང་བྱས་ཏེ་ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་ཟབ་ཏུ་གཏོང་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་དུས་བབ་གསར་པའི་འོག་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཆར་གཞི་བཀོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་གསར་པ་ཤར་ནས་རྣམ་པ་གསར་རྐྱང་དུ་གྱུར། ཀྲུང་གོ་དང་ལོ་སིའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ནས་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་བསུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ནས་ཀྲུང་གོ་དང་ལོ་སིའི་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད། ལོ་སི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བ་དང“ཀྲུང་ལོའི་མཛའ་གྲོགས་ལོ”གོ་སྐབས་སུ་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་མཐུད་དང་། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་དེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས།
ཐུང་ལུན་གྱིས། ཞི་ཅིན་ཕིང་ལ་སྤྲིངས་པའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མའི་ཐུགས་ཁུར་དང་སྣེ་ཁྲིད་འོག་ལོ་སི་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་བརྟན་དུ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཉིན་བཞིན་ཟབ་ཏུ་སོང་སྟེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ངས་ལོ་སི་ཕྱོགས་ཀྱི་སྡེ་ཚན་ཁག་དང་ཀྲུང་གོའི་ཕྱོགས་དབར་མཉམ་ལས་བྱས་ནས་ལོ་སི་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་དང“ལོ་ཀྲུང་མཛའ་གྲོགས་ལོའི”རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པར་མཛུབ་ཁྲིད་བྱས་ཏེ། ཚད་གཞི་དང་། སྤུས་ཚད། ཆུ་ཚད་བཅས་མཐོ་བའི་ལོ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་དུས་སྐབས་གསར་པར་མཐོ་ཚད་གསར་པར་སླེབས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་དཔེ་སྟོན་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།