“མཁའ་ལམ”གྱི་ཡང་རྩེར་ལང་ཚོའི་གཟི་དཔལ་ངོམས།
—— མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་ཤོས་ཀྱི་བརྡ་རྟགས་ལས་ཁུལ་ལ་བཅར་འདྲི་བྱས་པ།
ས་བབ་སྨི་4886ཟིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྐང་གཉིས་ཤང་དུ་གནས་པའི་རྩྭ་སྐྱ་གཙང་པོའི་བརྡ་རྟགས་ལས་ཁུལ་ནི་མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་བརྡ་རྟགས་ལས་ཁུལ་ཞིག་ཡིན་ཞིང་། དེ་གར་གསོ་རླུང་འདུས་ཚད་ཐང་གཤོངས་ཁུལ་གྱི་ཕྱེད་ཀ་ཡང་ཟིན་གྱི་མེད་པས་གོམ་པ་རྒྱག་དུས་དབུགས་ཆེན་པོ་ཧལ་གྱི་ཡོད།
དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། གསར་འགོད་པ་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ལས་དོན་པ་དང་མཉམ་དུ་རྩྭ་སྐྱ་གཙང་པོའི་བརྡ་རྟགས་ལས་ཁུལ་དུ་བསྐྱོད་པ་ཡིན། ལས་ཁུལ་དུ་འབྱོར་རྗེས་གསར་འགོད་པས་རྩྭ་སྐྱ་གཙང་པོའི་བརྡ་རྟགས་ལས་ཁུལ་གྱི་ལས་བཟོ་ཝང་ཧྥུའུ་ཧྲེང་དང་། ཁྲེང་ཀེ་ལེ། བསོད་ནམས་རྡོ་རྗེ་སོགས་དང་མཉམ་དུ་ས་བབ་སྨི་4951ཡོད་པའི་གདང་ལའི་འབབ་ཚུགས་ལྷོ་མར་བསྐྱོད་དེ“སྐར་ཁུང”ལས་སྒྲུབ་བྱས་པ་ཡིན།
“སྐར་ཁུང”ལས་སྒྲུབ་ཅེས་པ་ནི་མེ་འཁོར་འགྲོ་འོང་མི་བྱེད་པའི་རིང་ལ་ཆེད་མངགས་ལམ་ཐིག་དང་། འབྲེལ་གཏུག་དྲ་བ། བརྡ་རྟགས་སོགས་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་དང་མྱུར་བཟོ་བྱེད་པར་ཟེར།
ལོ་36ལ་སླེབས་པའི་ལས་ཁུལ་གྱི་འགན་འཁུར་མཁན་ཝང་ཧྥུའུ་ཧྲེང་གིས། ལས་ཁུལ་འདིས་གདང་ལའི་ལྷོ་རྒྱུད་དང་། རྩྭ་སྐྱ་གཙང་པོ། གངས་ཁྲ་མ་བཅས་ས་བབ་མཐོ་བའི་མེ་འཁོར་འབབ་ཚུགས་གསུམ་གྱི་བརྡ་གཏོང་འཕྲུལ་འཁོར་36དང་། འཁོར་ལམ་དུམ་བུ་40 འཁོར་སྒྱུར་འཕྲུལ་འཁོར་གྱི་བརྡ་གཏོང་སྒྲིག་ཆས་26བཅས་ཀྱི་རྒྱུན་གཏན་གྱི་ཉམས་བཟོ་དང་། སྐྱོན་སེལ། འཕྲལ་སྡོམ་གངས་གཤོང་སོགས་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
ཆུ་ཚོད་19དང་སྐར་མ་10ཏག་ཏག་ལ། ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་བདེ་འཇགས་ཐོན་སྐྱེད་བཀོད་འདོམས་ལྟེ་གནས་ཀྱིས་བཏང་བའི“སྐར་ཁུང”ལས་སྒྲུབ་ཀྱི་བཀའ་འབྱོར། དེ་འཕྲལ་ཝང་ཧྥུའུ་ཧྲེང་གིས་ན་གཞོན་ལས་རོགས་4ཁྲིད་དེ་ལམ་ཐིག་ཏུ་བསྐྱོད་ནས་ལས་ཀ་བྱེད་འགོ་བརྩམས།
“སྐར་ཁུང”ལས་སྒྲུབ་བྱེད་པར་དུས་ཡུན་སྐར་མ་120ལས་མེད་པས། དུས་ཚོད་ཐུང་ཞིང་ལས་འགན་ལྕི་བ་མ་ཟད་སྒྲིག་ཆས་བཀོལ་སྤྱོད་རྙོག་འཛིང་ཆེན་པོ་ཡོད། དེར་བརྟེན་རྒྱུན་དུ་ལས་ཀ་མ་ཚུགས་གོང་ལས་མི་ཚོར་ལས་བགོས་ཁ་གསལ་བརྒྱབ་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ལས་འགན་ཁག་ལེགས་སྒྲུབ་བྱེད་ཀྱི་ཡོད།
ས་རུབ་ལ་ཉེ་དུས་ལྷགས་པ་ཆེན་པོ་བརྒྱབ་ནས་ཁོང་ཚོ་དབུགས་ཀྱང་གཏོང་དཀའ་བར་གྱུར། ཝང་ཧྥུའུ་ཧྲེང་དང་ཁྲེང་ཀེ་ལེས་གྲང་འགོག་གྱོན་ཆས་གྱོན་ཏེ། ལག་ཆ་བླུགས་སྣོད་དང་བརྡ་རྟགས་མཐུད་སྐུད་གསར་པ་ཁྱེར་ནས་2-4DGལམ་དུམ་དུ་བསྐྱོད།
ཆུ་ཚོད་21དང་སྐར་མ་10ལ་གཞི་ནས་ཉིན་དེའི“སྐར་ཁུང”ལས་སྒྲུབ་ཀྱི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད། ཝང་ཧྥུའུ་ཧྲེང་དང་ལས་རོགས་ཚོས་ལག་ཆ་བསྡུ་གསོག་ཡག་པོ་བརྒྱབ་ནས་ས་མཐོའི་ལྷིང་འཇགས་ཀྱི་མཚན་མོའི་ཁྲོད་ཐང་ཆད་བཞིན་དུ་ཕྱིར་ལོག་པའི་ལམ་དུ་ཞུགས།
ཉིན་གཅིག་གི་ལས་ཀར་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་རྗེས། ཁོང་ཚོ་གཞི་ནས་ཉལ་རྩིས་བྱས་ཀྱང་། གློ་བུར་དུ་ཛ་དྲག་ཆེ་བའི་ཁ་པར་ཞིག་འབྱོར། ཝང་ཧྥུའུ་ཧྲེང་གིས་ཁ་པར་ལེན་སྐབས་བདེ་འཇགས་ཐོན་སྐྱེད་བཀོད་འདོམས་ལྟེ་གནས་ཀྱིས་ས་བབ་སྨི་4848ཟིན་པའི་གངས་ཁྲ་མ་འབབ་ཚུགས་ཀྱི་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་བཞི་པའི་འཁྱོག་ལམ་ཡག་པོ་མེད་ཚུལ་བཤད།
“ཁ་སྒྱུར་སྒྲིག་ཆས་ཀྱི་འཁྱོག་ལམ་ཡག་པོ་མེད་ན་མེ་འཁོར་རྒྱུན་གཏན་ལྟར་འབབ་ཚུགས་ནང་འཛུལ་མི་ཐུབ་ལ་འབབ་ཚུགས་ནང་གི་མེ་འཁོར་ཡང་དོན་ཐུབ་ཀྱི་མེད”ཅེས་ཝང་ཧྥུའུ་ཧྲེང་གིས་ཤོད་བཞིན་དུ་ལས་རོགས་3སྐད་བཏང་ནས་ལམ་སེང་ལས་སྒྲུབ་བྱ་ཡུལ་དུ་བསྐྱོད། སྐབས་དེ་དུས་ཐོ་རེངས་ཆུ་ཚོད་1དང་སྐར་མ་40ཟིན་ཡོད།
ཁོང་ཚོས་གྲང་རླུང་ལ་མ་འཛེམས་པར་འཁོར་ལམ་གྱི་ཤུད་སྟེགས་གཙང་མ་བཟོས་རྗེས། ཚང་མ་ངལ་བས་དུབ་རུང་གདོང་ནས་བློ་བདེ་བའི་རྣམ་འགྱུར་ཞིག་ངང་གིས་མངོན་འོང་།
ཝང་ཧྥུའུ་ཧྲེང་གིས“མེ་འཁོར་བདེ་འཇགས་ངང་བསྐྱོད་པ་མཐོང་རིམ་བཞིན་སེམས་ནང་དཀའ་ལས་བརྒྱབ་རིན་ཆོག་སོང་སྙམ་གྱི་འདུག”ཅེས་བཤད།
2018ལོར་རྩྭ་སྐྱ་གཙང་པོའི་བརྡ་རྟགས་ལས་ཁུལ་བཙུགས་ཚུན་དུ། རྒྱལ་ཡོངས་ཀྱི“ཁམས་བདེའི་བུམ་པའི”འགྲན་བསྡུར་ལ་སྔ་རྗེས་སུ་ཕུལ་བྱུང་པན་དང་ཚོགས་ཆུང་། ལྕགས་ལམ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད།
2026ལོ་ནི་མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་20འཁོར་བའི་ལོ་རེད། འཛམ་གླིང་གི་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་དེར་མེ་འཁོར་བདེ་འཇགས་ངང་འགྲོ་འོང་ཐུབ་པ་ནི་ཝང་ཧྥུའུ་ཧྲེང་དང་འདྲ་བའི“མཁའ་ལམ”སྲུང་མཁན་ཁོང་རྣམས་ཀྱིས་དཀའ་སྤྱད་འབད་འབུངས་བྱས་པ་དང་ཁ་འབྲལ་ཐབས་མེད།
ཕྱི་ཉིན་ཉིན་གུང་གི་དུས་སུ། གསར་འགོད་པ་རྩྭ་སྐྱ་གཙང་པོའི་བརྡ་རྟགས་ལས་ཁུལ་ནས་ཐོན་ཏེ་ལས་རོགས་ཚོ་དང་ཞལ་གྱེས་སྐབས། བཟོ་ཁུལ་གྱི་སྒོ་རའི་ནང་གི“ས་མཐོར་རྩ་བ་ཚུགས། གངས་ལྗོངས་སུ་འབད་འཐབ་བྱེད”ཅེས་པའི་ཡིག་འབྲུ་ཆེན་པོ་དག་ཉི་འོད་འོག་འོད་ལྷམ་ལྷམ་འཚེར།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།