རྐང་རྩེད་སྤོ་ལོ་བརྒྱབ་ནས་ལོ་གསར་བསུས།

འདི་ནི་ཀརྨ་འཇམ་དབྱངས་བསྟན་འཕེལ(གཡས)གྱིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དམར་རི་གྲོང་རྡལ་གྱི“ལོ་གསར་བསུ་བའི་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་སྤོ་ལོ་ཧབ་ཐོབ་རྒྱག་བཞིན་པ།

འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དམར་རི་གྲོང་རྡལ་གྱི“ལོ་གསར་བསུ་བའི་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོའི་ཐོག་འཐུས་མིའི་རུ་ཁག་ཁག་འགྲན་རར་སྐྱོད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ས་བབ་སྨི་3700ཟིན་པའི་བོད་ལྗོངས་ཤར་རྒྱུད་ཀྱི་ས་མཐོའི་གྲོང་རྡལ་ཞིག་ལ་སྲིད་འཛིན་གྲོང་ཚོ་5དང་མི་འབོར་ལྔ་སྟོང་ལྷག་ཙམ་ལས་མེད་ཀྱང། རྐང་རྩེད་སྤོ་ལོའི་རུ་ཁག་བཅུ་གྲངས་ཡོད། མི་རིང་བའི་གོང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དམར་རི་གྲོང་རྡལ་དུ་འགྲན་བསྡུར་མཇུག་འགྲིལ་བའི་ཤུ་སྒྲ་གྲགས་པ་དང་སྐབས་དགུ་པའི“ལོ་གསར་བསུ་བའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་མཇུག་འགྲིལ། རུ་ཁག་14ཡིས་ཉིན་ཁ་ཤས་འགྲན་བསྡུར་བྱས་པ་བརྒྱུད། རྐང་རྩེད་སྤོ་ལོས་སྦྲེལ་ཟམ་དུ་བྱས་པའི་དཔྱིད་གསར་དུས་ཆེན་གྱི་སྤྲོ་བ་ས་མཐོར་ཁྱབ།
“མཐའ་བསྡུར་སྐབས་སྤོ་ལོ་གཅིག་ཤོར་སོང་། འོན་ཀྱང་ད་ལོ་སྤོ་ལོ་ཡག་པོ་རྒྱག་མཁན་མང་པོ་འདུག་ལ་དུས་སང་རྒྱལ་ཁ་ཐོབ་པའི་རེ་བ་ཆེན་པོ་ཡོད”ཅེས་ལོ་27ལ་སླེབས་པའི་ཀརྨ་འཇམ་དབྱངས་བསྟན་འཕེལ་གྱིས་བྱ་དགའི་བུམ་པ་སྟོན་བཞིན་བློ་ཕམ་ཡེ་ནས་མེད་པར་ད་དུང་སྐབས་རྗེས་མའི་འགྲན་བསྡུར་ནང་ཞུགས་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཁོང་ཆུང་དུས་ནས་རྐང་རྩེད་སྤོ་ལོར་དགའ་ཞེན་ཆེན་པོ་ཡོད་པ་དེ་ཁོང་རང་ཉིད་འཚར་ལོངས་ཀྱི་ས་གཞི་འདི་ནས་གསལ་ལེར་མངོན།
རྐང་རྩེད་སྤོ་ལོར་དགའ་ཞེན་བྱེད་ཚད་དེ་དམར་རི་གྲོང་རྡལ་གྱིས་2025ལོར་གསར་དུ་སྤྱོད་འགོ་ཚུགས་པའི“མཁའ་དབྱིངས་སྤོ་ལོ་ཐང”སྟེ་མི་11གི་ཚད་ལྡན་རྐང་རྩེད་སྤོ་ལོ་ཐང་བསྐྲུན་པ་ལས་མཚོན་ཐུབ། སྤོ་ལོ་ཐང་དེ་ནི་རི་ཚོགས་ཀྱིས་བསྐོར་བའི་གྲོག་རོང་ཁྲོད་དུ་མརྒད་ཀྱི་ཕྲ་བཏབ་པ་ལྟར་གནས་ཤིང་། རྒྱང་རིང་དུ་གངས་རི་དག་སྤོ་ལོ་ཐང་སྟེང་ཕར་རྒྱུག་ཚུར་རྒྱུག་བྱེད་མཁན་ལ་ལྟ་བ་དང་གཉིས་སུ་མ་མཆིས།
དམར་རི་གྲོང་རྡལ་གྱི་ཕྲུ་གུ་ཚོ་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་མོད། འོན་ཀྱང་དེ་གའི་ས་དབྱིབས་མཐོ་དམའ་མི་སྙོམས་པ་དང་ལུང་ཤུར་མང་པོ་ཡོད་ཅིང་། རི་མཐོ་གྲོག་རོང་དེ་ལྟ་བུར་ཐང་གཤོངས་སྙོམས་པོ་ཞིག་འཚོལ་བ་ནི་ལས་སླ་པོ་གཏན་ནས་མེད་པས། ཀརྨ་འཇམ་དབྱངས་བསྟན་འཕེལ་ཆུང་དུས་གྲོགས་པོ་ཚོ་དང་མཉམ་དུ་རྡོ་ཧྲུག་གིས་ཁེངས་པའི་ཐང་རྒོད་དུ་སྤོ་ལོ་རྒྱག་རྒྱུ་ལས་མ་འདས།
“ཕྲུ་གུ་ཚོ་རྐང་རྩེད་སྤོ་ལོར་ཧ་ཅང་དགའ་པོ་ཡོད་ཀྱང་། ད་བར་རྐང་རྩེད་སྤོ་ལོ་ཐང་ཡག་པོ་ཞིག་མེད”ཅེས་དམར་རི་གྲོང་རྡལ་དམར་རི་གྲོང་ཚོའི་གྲོང་དཔོན་བློ་གྲོས་པ་སངས་ཀྱིས་བཤད། ཁོང་གིས་གྲོང་ཚོའི་ནང་གི་མི་རྒན་པ་ཚོས་རང་འགུལ་ངང་སྤོ་ལོ་ཐང་རྒྱག་རོགས་བྱས་ཤིང་། ཚང་མས་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་ས་དབོར་བ་དང་སྦྱག་མས་སྤོ་ལོ་ཐང་ཁོད་སྙོམས་ཏེ་ས་རྒོད་དེའི་ཐོག་སྤོ་ལོའི་ཐང་ཐབས་ཆག་ཅིག་བཟོས་པ་རེད། སྐབས་དེ་དུས་བྱེ་སའི་སྤོ་ལོ་ཐང་དེ་དམར་རི་གྲོང་རྡལ་གྱི་ཕྲུ་གུ་ཚོ་དགའ་སྤྲོ་འཕེལ་བའི་ཞིང་ཁམས་ཤིག་རེད།
“དེ་སྔོན་འགྲན་བསྡུར་ཚར་རྗེས་ལྷམ་དང་རྐང་ཤུབས་ཚང་མ་ཐལ་བས་ཁེངས་ཀྱི་རེད། འོན་ཀྱང་ཚང་མས་རེ་སྒུག་ཆེ་ཤོས་བྱེད་ས་ནི་ལོ་གསར་གོང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་རེད” 2021ལོར་ཀརྨ་འཇམ་དབྱངས་བསྟན་འཕེལ་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལས་ཀ་བྱེད་པར་ལོག་པ་དང་། ཚད་ལྡན་ཅན་གྱི་རྐང་རྩེད་སྤོ་ལོའི་ཐང་ཞིག་བསྐྲུན་རྒྱུ་ནི་སྐབས་དེ་དུས་ཀྱི་ཁོང་གི་བསམ་འདུན་ཆེ་ཤོས་དེ་རེད།
བསམ་ཚུལ་དེ་མཐར་མངོན་འགྱུར་བྱུང་ཞིང་། 2024ལོར་ལྷོ་རོང་རྫོང་གིས་ཁ་གཏད་རོགས་སྐྱོར་གྱི་ཁེ་ལས་ཏེ། ཀྲུང་གོ་ཡོན་ཡང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པ་དང་མཉམ་དུ་དེ་སྔའི་སྤོ་ལོ་ཐང་གི་འགྲམ་དུ་སྒོར་ཁྲི་200ལྷག་ཙམ་བཏང་སྟེ་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་8000ལྷག་ཙམ་ཟིན་པའི་མི་11གི་ཚད་ལྡན་རྐང་རྩེད་སྤོ་ལོའི་ཐང་ཞིག་ལོ་དེ་གའི་ཟླ་12པར་བསྐྲུན་པར། ཡུལ་མི་ཚོས་དགའ་ཚོར་ཆེན་པོས“མཁའ་དབྱིངས་ཀྱི་སྤོ་ལོ་ཐང”ཞེས་འབོད་ཀྱི་ཡོད།
ད་ལོའི་འགྲན་བསྡུར་ནང་ད་དུང་དམིགས་བསལ་དགའ་ཚོར་སྐྱེ་འོས་པའི་དོན་ཞིག་ཡོད་པ་ནི་ཁོང་ཚོའི་བརྗོད་དོན་གཙོ་བོའི་གླུ་དབྱངས《མཚམ་འཇོག་ཐབས་བྲལ་བ》ཞེས་པ་དེ་ཡིན་ཞིང་། དེ་ནི་དམར་རི་གྲོང་རྡལ་གྱི་བསོད་ནམས་ཆོས་འཕེལ་གྱིས་གསར་རྩོམ་བྱས་པ་ཞིག་རེད། པེ་ཅིང་དུ་རོལ་དབྱངས་སྦྱངས་ཤིང་། གླུ་པ་ཞིག་བྱེད་པའི་ཕུགས་འདུན་སེམས་སུ་འཆང་མཁན་ཁོང་གིས་ད་བར་འགྲན་བསྡུར་གཅིག་ཀྱང་མ་ལུས་པར་ཞུགས་ཡོད། “འདི་ནི་ངས་བྲིས་པའི་གཞས་དང་པོ་དེ་རེད། ཚང་མས་ང་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག་པས་གཞས་འདི་བརྗོད་དོན་གཙོ་བོའི་གླུ་གཞས་ལ་གཏན་འཁེལ་བྱས་པ་རེད”ཅེས་བསོད་ནམས་ཆོས་འཕེལ་གྱིས་བཤད།
རྐང་རྩེད་སྤོ་ལོ་ནི་དེ་སྔའི་ཕྲུ་གུ་དེ་དག་དང་ཕ་ཡུལ་དབར་གྱི་འབྲེལ་ཐག་ལྟ་བུར་གྱུར་ཡོད། “སྔོན་མ་མཉམ་དུ་སྤོ་ལོ་རྒྱག་མཁན་གྱི་གྲོགས་པོ་མང་པོ་ཕྱི་ལ་ལས་ཀར་ཕྱིན་ཡང་ཁོང་ཚོས་ཆེད་མངགས་དགོངས་པ་ཞུས་ནས་འགྲན་བསྡུར་ནང་ཞུགས་པར་ཡོང་གི་ཡོད། ད་དུང་སློབ་གྲྭ་འགྲིམ་བཞིན་པའི་ཕྲུ་གུ་ཚོ་དགུང་གསེང་བཞག་མེད་ནའང་ང་ལ་འགྲན་བསྡུར་ག་དུས་བྱེད་མིན་སྐད་ཆ་འདྲི་ཡི་འདུག ཚང་མས་མཉམ་དུ་སྤོ་ལོ་ཞིག་བརྒྱབ་ནས་ལོ་གསར་སྐྱིད་པོ་ཞིག་གཏོང་འདོད་བྱེད་ཀྱི་འདུག”ཅེས་ཀརྨ་འཇམ་དབྱངས་བསྟན་འཕེལ་གྱིས་བཤད་པ་དང་། ཁོང་གིས་འགྲན་བསྡུར་ལོ་གསར་གོང་སྤེལ་དོན་ནི་ལོ་གསར་ལ་བསུ་བ་ཞུ་བའི་འགྲན་བསྡུར་རེད་ལ། མཉམ་འཛོམས་ཀྱི་འགྲན་བསྡུར་ཞིག་ཀྱང་རེད་ཅེས་བཤད།
“གྲོང་གསེབ་དར་རྒྱས་ནི་དངོས་པོའི་འཕེལ་རྒྱས་ཁོ་ན་མིན་པར་བསམ་པའི་ཉམས་འགྱུར་བཟང་པོ་དེ་བས་ཀྱང་རེད”ཅེས་དམར་རི་གྲོང་རྡལ་གྱི་ཀྲེང་ཀྲང་བློ་བཟང་བསྟན་འཛིན་གྱིས་བཤད་པ་དང་། ཁོང་གིས་སྔོ་ལྗང་གི་འགྲན་ར་འདི་ཉིད་མི་སེམས་གཅིག་སྒྲིལ་དང་ཞིང་འབྲོག་པའི་འབད་འབུངས་ཀྱི་སྙིང་སྟོབས་ངོམས་སའི་གར་སྟེགས་ལྟ་བུར་གྱུར་ཡོད་ཅེས་བཤད།
“མཁའ་དབྱིངས་ཀྱི་སྤོ་ལོ་ཐང”བསྐྲུན་ཟིན་མ་ཐག་པའི་སྐབས་སུ། ཀརྨ་འཇམ་དབྱངས་བསྟན་འཕེལ་གྱིས“ངའི་ངོས་ནས་བརྗོད་ན་རྐང་རྩེད་སྤོ་ལོ་ནི་ལོ་ཆུང་དུས་ཀྱི་དགའ་མོས་ཆེ་ཤོས་དེ་ཡིན། སྔོ་ལྗང་གི་འགྲན་རའི་ནང་འཛུལ་ཐེངས་རེར་ངའི་སེམས་སུ་རྒྱལ་ཁ་བརྩོན་སེམས་དང་རྐང་རྩེད་སྤོ་ལོར་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་ཡིས་ཁེངས་ནས་ཡོད”ཅེས་བཤད་མྱོང་ཡོད།
འབྲེལ་ཡོད་གསར་འགྱུར།