རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་གིས།
དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་བྱས་པ།
ཉེ་ཆར། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་ནས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་རང་བྱུང་གནོད་འཚེའི་ཉེན་ཁར་དོགས་ཟོན་དང་དེར་ཁ་གཏད་གཅོག་པར་ཤུགས་སྣོན་བརྒྱབ་སྟེ། མི་དམངས་མང་ཚོགས་བདེ་འཇགས་ངང་དུས་ཆེན་གཏོང་ཐུབ་པ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་བྱས་པ་རེད།
ཞིབ་འཇུག་བརྡར་གཅོད་ལྟར་ན། ཟླ་གཉིས་པར་རང་རྒྱལ་གྱི་བྱང་ཤར་དང་། ནང་སོག་གི་དབུས་ཤར་རྒྱུད། ཧྭ་པེའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད་དམའ་བ་དང་གངས་སྐྱོན་གྱི་ཉེན་ཁ་ཅུང་ཆེ་བ་དང་། ཧྭ་ཏུང་དང་། ཧྭ་ནན། ལྷོ་ནུབ་སོགས་ས་ཁུལ་ཁ་ཤས་སུ་ནགས་ཚལ་མེ་སྐྱོན་གྱི་རིམ་པ་མཐོ་བའི་དུས་མཚམས་སུ་སླེབས་སྲིད་པ། ཧྭ་པེ་དང་། ཧྭ་ཏུང་། དབུས་ལྷོ། ལྷོ་ནུབ། ནུབ་བྱང་སོགས་ས་ཁུལ་དུ་ས་གཤིས་ཀྱི་གནོད་འཚེ་ཐོན་ཉེན་ཆེན་པོ་ཡོད།
བརྡ་ཐོའི་ནང་། གཙོ་གནད་མངོན་གསལ་དོད་པོས་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གཏིང་ཟབ་བྱས་ཏེ། སྤྱི་པའི་བདེ་འཇགས་དང་འབྲེལ་བའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དུ་བརྩིས་ཏེ། འཁྱགས་པ་ཐེབས་སླ་བའི་ལམ་དུམ་དང་། ཟམ་པ་དང་ཕུག་ལམ། གཞི་ཁྱོན་ཆེན་པོས་སྐྲུན་བཞིན་པའི་ལས་གྲྭ། བྱེད་སྒོ་སྤེལ་ཡུལ་ཆེ་གྲས། གཅིག་སྡུད་མཆོད་འབུལ་བྱ་ཡུལ་སོགས་གཙོ་གནད་ལ་དམ་པོར་དམིགས་དགོས། སྐྲུན་བཞིན་པའི་ལས་གྲྭ་དང་། རྒན་གསོའི་སྒྲིག་གཞི། སྨན་ཁང་། འགྲུལ་སྐྱེལ་འགྲིམ་འགྲུལ་ལྟེ་གནས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་གཙོ་གནད་ཚན་པར་དམ་པོར་དམིགས་ཏེ“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་གཞིར་བཟུང་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། རང་བྱུང་གནོད་འཚེས་རྐྱེན་པས་མི་སྣ་ཤི་རྨས་ཚབས་ཆེན་ཡོང་རྒྱུ་གཏན་འགོག་བྱེད་དགོས་པའི་ནན་བཤད་བྱས་ཡོད།
བརྡ་ཐོའི་ནང་། དགུན་དཔྱིད་གཉིས་སུ་ས་གཤིས་གནོད་འཚེ་ཐོན་སླ་བའི་ཉེན་ཁར་དམིགས་ནས་སྐོར་ཞིབ་གྲལ་བཤེར་དང་། ཆེད་ལས་ལྟ་ཞིབ་ཚད་ལེན། ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། “གནོད་འཚེ་ཕོག་ཁུལ་དང་ཉེན་ཁའི་ཁུལ་ཟུང་དུ་འབྲེལ་བའི”ཚོད་འཛིན་གཉིས་སོགས་ཀྱི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་གཡོལ་གནས་སྤོའི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྔོན་ཚུད་ནས་འཕྲལ་ཐག་ཆོད་པོས་ཉེན་གཡོལ་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་འགན་ལེན་བྱེད་པ་དང་། གཏོར་སྐྱོན་ཕོག་པའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་ཡག་པོ་བྱེད་པ། སྡེ་ཚན་མཉམ་འགུལ་དང་རོགས་སྐྱོབ་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དུད་ཚང་རེར་ཐབས་ཇུས་རེ་བཏོན་ནས་དཀའ་ངལ་སེལ་རོགས་བཅས་བྱེད་དགོས། ལས་ཡུན་ལྡོག་སྒྲིག་བྱས་ཏེ་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་དངུལ་དང་དངོས་པོ་དཔྱིད་གསར་དུས་ཆེན་གོང་ཚང་མ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས། གེགས་སེལ་རོགས་སྐྱོབ་སྲིད་ཇུས་སྒྲོག་འགྲེལ་གསལ་འགྲེལ་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་བརྡ་ལན་སློག་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།