“མི་རྐྱང་རྟ་རྐྱང”ནས“ཚོགས་སྒྲིག་འབབ་འཕར”བར་གྱི་འགྱུར་ལྡོག
—— མཚོ་སྨད་རྫོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་བ།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་གཏམ་ཤུལ་སྡེ་ཁུལ་གྱི་སྒོ་རའི་ནང་དུ་ཉི་འོད་རབ་ཏུ་དྲོ་ཞིང་། གྲོང་མི་བསྟན་འཛིན་རྡོ་རྗེས་ལག་པ་གཅིག་ལ་དངུལ་སྨར་ཆག་པ་གཅིག་བཟུང་ཞིང་། ལག་པ་གཅིག་ལ་མཉམ་ལས་ཁང་གིས་བགོ་བཤའ་བརྒྱབ་པའི་འབྲས་འགྱིག་ཕད་གང་བཟུང་ནས་དགའ་སྤྲོའི་ངང“ད་ལོའི་བགོ་འགྲེམས་ན་ནིང་ལས་མང་བ་འདུག འཚོ་བ་ལོ་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་འདུག”ཅེས་བཤད།
ད་ལོ་གཏམ་ཤུལ་སྡེ་ཁུལ་གྱི་དུད་ཚང་491གི་མི་གྲངས་1525ཚང་མར་བགོ་འགྲེམས་དང་འཚམས་འདྲིའི་དངོས་ཟོག་རག་ཡོད་པར་རིན་ཐང་བསྡོམས་འབོར་སྒོར་ཁྲི་88.44ཟིན་ཡོད། བསྟན་འཛིན་རྡོ་རྗེའི་ངོས་ནས་བརྗོད་ན། དེ་ནི་ཁོང་གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་ནས་བཙུགས་པའི་མཉམ་ལས་ཁང་ལ་ཞུགས་ཚུན་ཐོབ་པའི་བགོ་འགྲེམས་ལེན་ཐེངས་གཉིས་པ་དེ་རེད།
“མཉམ་ལས་ཁང་དུ་ཞུགས་རྗེས་སོན་འདེབས་དང་བརྔ་བསྡུ་སོགས་བྱེད་པར་ཞིང་ལས་འཕྲུལ་ཆས་ཡོད་པས་མི་ཤུགས་ལ་བརྟེན་མི་དགོས་སྟབས། དུས་ཚོད་མང་པོ་གྲོན་ཆུང་ཐུབ་པས་ཕྱིར་གླ་པར་བསྐྱོད་ན་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་བཤད།
བསྟན་འཛིན་རྡོ་རྗེར་གྲུབ་འབྲས་འདི་འདྲ་ཐོབ་པ་ནི་སྟེས་དབང་ཞིག་མ་རེད།
མཚོ་སྨད་རྫོང་གི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་དེ་གའི་ཞིང་འབྲོག་ལས་ཐོན་སྐྱེད་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད། དུས་ཡུན་རིང་པོར། དེ་གའི་ཞིང་འབྲོག་པས“མི་རྐྱང་རྟ་རྐྱང”གི་རྣམ་པས་རང་ཁྱིམ་གྱི་ཞིང་ཁ་ཆུང་ཆུང་དང་ཕྱུགས་རིགས་ཉུང་ཤས་དེ་ཁོ་ན་བསྲུངས་ནས་སྡོད་ཀྱི་ཡོད་པས། གཞི་ཁྱོན་ཆུང་ཞིང་སྟོབས་ཤུགས་ཞན་པ་མ་ཟད། ཁྲོམ་རའི་འཕར་ཆག་མི་ཐེག་ལ་དེང་རབས་ཅན་གྱི་རྨོ་འདེབས་དང་གསོ་ཚགས་ལག་རྩལ་ཡང་སྤྱོད་མི་ཐུབ། “མང་ཚོགས་ཀྱི་སྟོབས་ཤུགས་ཁ་ཐོར་ཡིན་པས་དོན་ཆེན་སྒྲུབ་མི་ཐུབ”ཅེས་མཚོ་སྨད་གྲོང་རྡལ་གྱི་ཀྲེན་ཀྲང་ཞུང་ཡུའེ་ཡིས་བཤད།
ཡིན་ན་ཡང་2023ལོར་སྣང་ཚུལ་དེར་འགྱུར་ལྡོག་བྱུང་བ་རེད།
ལོ་དེར་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱས་པའི་མཉམ་ལས་ཁང་དང་པོ“ཨན་མཚོ་ཞིང་འབྲོག་ལས་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང”སྤོས་དགའ་གྲོང་ཚོར་བཙུགས་པ་རེད། ཞིང་པ་དུད་ཚང་50ཡིས་སོ་སོའི་ས་ཞིང་དང་ཞིང་འཕྲུལ་དངུལ་ལ་ཕབ་ནས་མ་རྐང་ནང་ཞུགས་པ་དང་། ཁ་ཐོར་གྱི་ས་ཞིང་དག་ཟླ་སྒྲིལ་བཏང་ནས་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་འགོ་ཚུགས། ལོ་མཇུག་ཏུ། མ་རྐང་ནང་ཞུགས་པའི་ཞིང་དུད་ཚང་མར་ཆ་སྙོམས་འབབ་འཕར་སྒོར་1000བྱུང་བ་དང་། ཕྱིར་གླ་པར་སྐྱོད་མཁན་གྱི་ས་ཞིང་ལ་དོ་དམ་བྱེད་མཁན་ཡོད་ལ་ཁེ་བཟང་ཡང་ཡོད་པ་མ་ཟད། ད་དུང་ས་ཞིང་ཐང་རྒོད་དུ་འགྱུར་བའི་སེམས་ཁྲལ་བྱེད་དགོས་མེད་པ་རེད།
“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་། གྲོང་ཚོས་གཙོ་བོ་བྱེད་པ། མང་ཚོགས་ལ་ཕན་ཐོགས་པའི”བསམ་ཕྱོགས་ཤིག་མཚོ་སྨད་རྫོང་གི་གྲོང་ཚོ་ཁག་ཏུ་རིམ་བཞིན་ཁྱབ་གདལ་ཕྱིན། 2024ལོར། མཚོ་སྨད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བོད་སྐྱོར་ལས་དོན་ཚོགས་ཆུང་དང་མཉམ་དུ་མ་དངུལ་གྲབས་གསོག་བྱས་ཏེ་དེང་རབས་ཅན་གྱི་ཞིང་ལས་འཕྲུལ་ཆས་ཁག་གཅིག་ཉོས་པ་དང་ཆབས་ཅིག མཚོ་སྨད་གྲོང་རྡལ་གྱི་གྲོང་ཚོ(སྡེ་ཁུལ)4པོས་མ་རྐང་མཉམ་དུ་འཛིན་རྒྱུར་སྐུལ་འདེད་བཏང་ནས། “ཝན་ལུང་ཞིང་ལས་འཕྲུལ་ཆས་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་གི་མཉམ་འབྲེལ་ཁང”བཙུགས་པ་རེད། ཐོན་ཁུངས་མཉམ་དུ་བསྡུས་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་ཕྱིན་སོང་། མཉམ་འབྲེལ་ཁང་བཙུགས་པའི་ལོ་དེར་གྲོང་མི་ཚོར་ཁེ་སྤོགས་སྒོར་ཁྲི་5བགོ་བཤའ་བརྒྱབ་ཡོད།
གཏམ་ཤུལ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལྷག་བཟང་གིས“ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་མཉམ་ལས་ཁང་གཉེར་བས་ཐུན་མོང་ལ་གཞི་ནས་དངུལ་རག་སྟེ་ལམ་བཟོ་བ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་ཞུ་བ། ཐོན་ལས་གསར་པར་མ་དངུལ་གཏོང་བ་སོགས་ཀྱི་ཐད་སེམས་ཁྲལ་ཅི་ཡང་མི་འདུག” དངུལ་དེ་དག་ནི་སྐབས་འགར་གྲོང་ཚོའི་བགྲོད་ལམ་ཉམས་གསོ་བྱེད་པའི་རྡོ་ཧྲུག་དང་། སྐབས་འགར་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སྤྲད་པའི་གྲོ་ཞིབ་དང་འབྲས་སྣུམ། སྐབས་འགར་ཐོན་ལས་གསར་པ་སྐྱེད་སྲིང་བྱེད་པའི་འགོ་འཛུགས་ཀྱི་མ་དངུལ་བཅས་སུ་གྱུར་ནས། གྲོང་ཚོའི་སྤྱི་ཕན་བྱ་གཞག་ལ་འདེགས་སྐྱོར་ཐུབ་སྟེ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཡོད།
མཉམ་ལས་ཁང་གིས་གཅིག་གྱུར་ཐོག་ཞིང་ལས་རྒྱུ་ཆ་ཉོ་སྒྲུབ་དང་། ཞིང་ལས་འཕྲུལ་ཆས་བཀོད་གཏོང་། ཁྲོམ་ར་སྦྲེལ་མཐུད་བཅས་བྱས་པས་ཞིང་ཁ་འདེབས་པའི་མ་གནས་དམའ་རུ་ཕྱིན་ཡོད། དེ་སྔའི་ཞིང་ཁ་ཐར་ཐོར་ཚང་མ་སྙོམས་ཏེ་ཡུག་འབྲེལ་གྱི་ཞིང་ཁ་ཆེན་པོ་བཟོས་པས། ཞིང་ལས་འཕྲུལ་ཆས་ཆེ་གྲས་འགྲོ་འོང་བདེ་པོ་ཆགས་ནས་ཐོན་སྐྱེད་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད། “མང་ཚོགས་ཀྱི་སྟོབས་ཤུགས་ཁ་ཐོར་ཡིན་པས་དོན་ཆེན་སྒྲུབ་མི་ཐུབ་པའི་དཀའ་གནད་ཐག་གཅོད་བྱས་ནས། ཞིང་འབྲོག་པ་དང་མཉམ་སྡེབ་གཉིས་ཀར་འབབ་འཕར་བྱུང་ཡོད”ཅེས་ཞུང་ཡུའེ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།