དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གསར་འགོད་པས་ལྕགས་ལམ་དང་། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་འཐབ་ས་དང་པོའི་ལས་དོན་པར་བཅར་འདྲི་བྱས་པ།

    དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོའི་བརྙན་པར་ཁག་བཞི།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-06

    འདི་ནི་ཧྲང་ཧའེ་ཧུང་ཆའོ་མེ་འཁོར་འབབ་ཚུགས་སུ་མེ་འཁོར་G14ལ་བསྡད་པའི་འགྲུལ་པ་མེ་འཁོར་གཏོང་རྒྱུར་སྒུག་བཞིན་པ།

    ཟླ་2ཚེས་2ཉིན། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་སྤྱི་ཚོགས་ཡོངས་སུ་ས་ཁོངས་བརྒལ་ནས་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་18791ཟིན་པ་དེ་2025ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོ་ལས་13%འཕར་ཡོད། གསར་འགོད་པས་ལྕགས་ལམ་དང་། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་འཐབ་ས་དང་པོའི་ལས་དོན་པར་བཅར་འདྲི་བྱེད་རིང་། ཕྱིར་ལོག་སྐབས་འགན་སྲུང་བརྟན་པོ་བྱས་པས་ལམ་བར་དུ་དྲོ་སྐྱིད་དེ་མ་ཉིད་དུ་ཚོར་ཐུབ་པ་ཤེས་རྟོགས་བྱུང་།

    བརྙན་པར་དང་པོ། འབབ་ཚུགས་སུ་མགྱོགས་ཟས་གྲ་སྒྲིག་བྱས་ཡོད་པ།

    ཞོགས་པའི་ཆུ་ཚོད་དྲུག་པ་ཙམ་ལ། སྐྱ་མདའ་བཏང་མེད་ཀྱང་རྒྱལ་ཁབ་ལྕགས་ལམ་པེ་ཅིང་ཅུས་མྱུར་བགྲོད་ལྕགས་ལམ་ཟ་མ་སྡེབ་སྦྱོར་ཐོན་སྐྱེད་ལས་སྣོན་རྟེན་གཞིའི་བཟའ་བཅའི་རྒྱུ་ཆ་བསྡུ་ལེན་ལས་སྟེགས་སུ་གློག་འོད་ཁྲ་ཆིལ་ལེར་གསལ། གྲང་ཕྲེང་སྐྱེལ་འདྲེན་རླངས་འཁོར་རེ་རེས་བཟའ་བཅའི་རྒྱུ་ཆ་སོས་པ་རྒྱ་མ་2000ལྷག་ཙམ་བླུགས་ནས་གཅིག་རྗེས་གཉིས་མཐུད་ངང་གནད་སར་དབོར་བཞིན་ཡོད།

    ཐུམ་སྒྲིལ་འཁོར་ཁང་དུ་ཟས་ཀྱི་དྲི་ཞིམ་གང་སར་འཐུལ་ཞིང་། སྐྱི་བཀག་འཕྲུལ་འཁོར་གཉིས་ནས་འུར་འུར་གྱི་སྒྲ་གྲགས་བཞིན་དུ་འགྱིག་ཕོར་གྲལ་འགྲིག་པོས་ཐུམ་རྒྱག་བཞིན་འདུག

    ལས་རིམ་ནན་པོ་བཅུ་ལྷག་ཙམ་བརྒྱུད་མཐར་མགྱོགས་ཟས་ཁྲི་1ལྷག་ཙམ་དྲོད་བརྟན་འཁྱགས་གཏོང་རླངས་འཁོར་ལ་བླུགས་ཏེ། པེ་ཅིང་འབབ་ཚུགས་ནུབ་མ་སོགས་མེ་འཁོར་འབབ་ཚུགས་ཀྱི་བགོ་བཤའ་རྒྱག་ཡུལ་ཁག་ལ་བགོ་བ་དང་། དེ་ནས་འགྲུལ་པ་རྣམས་ལ་སྐྱེལ་གྱི་ཡོད།

    བརྙན་པར་གཉིས་པ། མྱུར་བགྲོད་ལམ་ནས་ཡུལ་ལྗོངས་མཛེས་ཤོས་མཐོང་ཐུབ་པ།

    པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་མང་པོ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། གསར་འགོད་པས་ཧོ་པེ་ཆིང་རྫོང་གི་ལམ་དུམ་ཞིག་ནས་ཧོ་པེ་མྱུར་བགྲོད་གཞུང་ལམ་ཚོགས་པ་པེ་ཅིང་ཧྲང་ཧའེ་ཡན་ལག་ཀུང་སིའི་ཤར་གཏོང་འཕྲལ་སྡོམ་རུ་ཆེན་གྱི་རུ་མིས་ལས་ཀ་བྱེད་བཞིན་པ་མཐོང་བྱུང་།

    ལས་འགོ་ཚུགས་པའི་བྱ་བ་དང་པོ་ནི“ཉེན་ཟོན་འགྱིག་དོང”འཛུགས་རྒྱུ་དེ་ཡིན་པ་རེད། “གལ་སྲིད་ལམ་བར་དུ་རླངས་འཁོར་ལ་སྐྱོན་ཤོར་ཚེ། ཉེན་ཟོན་འགྱིག་དོང་དེ་བཙུགས་ན། འོད་བརྒྱབ་ནས་ཡོང་བའི་རླངས་འཁོར་ལ་ཉེན་བརྡ་གཏོང་ཐུབ”ཅེས་རུ་འབྲིང་གི་རུ་དཔོན་ཚའེ་ཀོང་རེན་གྱིས་བཤད།

    འཇིབ་ཆུང་རླངས་འཁོར་ཞིག་སྐྱོན་ཤོར་ནས་གཞུང་ལམ་ལ་གློ་བུར་དུ་ཁ་བཀག་པ་རེད། ཚའེ་ཀོང་རེན་གྱིས་འཕྲལ་དུ་རུ་མི་ཁྲིད་ནས་རླངས་འཁོར་དེ་ཉེ་འགྲམ་ཞབས་ཞུ་ཁུལ་དུ་འདྲུད་ནས་སྐྱོན་འབྱུང་སར་ཞིབ་བཤེར་དང་མེ་སྤར་རོགས་ཀྱང་བྱས།

    བརྙན་པར་གསུམ་པ། ནུས་རྒྱུ་གསར་པའི་རླངས་འཁོར་བརྒྱ་ལྷག་ཙམ“རྒྱ་མཚོ་བརྒལ་ནས་དབོར་བ”

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ལ་སྒོ་ཁྲལ་སྡོམ་ཚུན་གྱི་དཔྱིད་གསར་སྐྱེལ་འདྲེན་ཐོག་མ་བྱེད་འགོ་ཚུགས་ཤིང་། ཧའེ་ཁོའུ་གྲོང་ཁྱེར་ཤིའུ་དབྱིང་གྲུ་ཁར་ནུས་རྒྱུ་གསར་པའི་རླངས་འཁོར་ཆེད་སྤྱོད་ཀྱི་ངོས་སྙོམས་འདྲེན་གྲུ“ལུའུ་ཡོན་ཨང་དགུ་པ”ཐོན་རྩིས་ཡོད་པ་རེད།

    ནུས་རྒྱུ་གསར་པའི་རླངས་འཁོར་བཏང་ནས་རྒྱ་མཚོ་སྒྲོལ་བའི་འཁོར་བདག་ཇེ་མང་དུ་འགྲོ་བཞིན་ཡོད། “ང་ཚོས་བསྒྲུབ་དགོས་པ་ནི་རླངས་འཁོར་བདེ་འཇགས་ངང་གྲུ་ནས་དབབ་རྒྱུར་ཁྲིད་སྟོན་བྱས་ཏེ་རླངས་འཁོར་བདེ་བླག་ངང་རྒྱ་མཚོ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་རེད”ཅེས་འདྲེན་གྲུ“ལུའུ་ཡོན་ཨང་དགུ་པའི”ལས་རོགས་གྲུ་དཔོན་གཙོ་བོ་དབྱང་ཡིའུ་ཡུང་གིས་བཤད།

    “ལུའུ་ཡོན་ཨང་དགུ་པ”སྐྱོད་ཐེངས་རེར་དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་180ཙམ་བླུགས་ཐུབ་ཀྱི་ཡོད། ཆུ་ཚོད་9དང་སྐར་མ་50ཙམ་ལ། དུང་སྒྲ་གྲགས་པ་དང་ཆབས་ཅིག“ལུའུ་ཡོན་ཨང་དགུ་པ”ཆུང་ཀྲོའུ་མཚོ་འགག་གི་བྱང་རྒྱུད་དུ་ཐོན་འགོ་ཚུགས།

    བརྙན་པར་བཞི་པ། གནམ་ཐང་གི་རྡོག་ཁྲེས་དབོར་འདྲེན་ལ་རིག་ནུས་ཅན་གྱི་མ་ལག་སྤྱད་པ།

    ཆུ་ཚོད་6དང་སྐར་མ་2ཙམ་ལ། པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་དུ་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོའི་དུས་གཏན་གནམ་གྲུ་ཐོག་མ་དེ་བསུས་ཤིང་། ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས། རྡོག་ཁྲེས་དང་པོ་ལེན་སའི་འཁོར་སྡེར་དུ་དལ་གྱིས་སྐོར་བ་རྒྱག་འགོ་ཚུགས།

    ལྟེ་བའི་ཚོད་འཛིན་ཁང་གི་བརྙན་ཤེལ་ཆེན་པོར་གློག་རྡུལ་ས་བཀྲའི་ཐོག་ནས་གནམ་ཐང་གི་དབྱེ་འབྱེད་འཕྲུལ་ཆས་6དང་། གནམ་ཐང་དུ་འབྱོར་པའི་རྡོག་ཁྲེས་འཁོར་སྡེར་22 གནམ་ཐང་ནས་ཕྱིར་གཏོང་བའི་རྡོག་ཁྲེས་འཁོར་སྡེར་41སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ཐད་ཀར་མཐོང་ཐུབ་ལ། གསར་དུ་བཀོད་སྒྲིག་བྱས་པའི་རིག་ནུས་ཅན་གྱི་རྡོག་ཁྲེས་དབོར་འདྲེན་མ་ལག་གིས་ལས་ཀ་བྱས་དང་བྱེད་བཞིན་ཡོད།

    བརྙན་ཤེལ་ཆེན་པོར་གློ་བུར་དུ་དབྱེ་འབྱེད་འཕྲུལ་ཆས་ཨང་དང་པོ་ནས་གློག་བརྡ་དམར་པོ་ཞིག་བརྒྱབ། ཏ་ཤིང་གནམ་ཐང་གི་གནམ་ཐང་འབབ་ཚུགས་དོ་དམ་པུའུ་ཡི་རྡོག་ཁྲེས་འགན་འཁུར་གྱི་ཅིང་ལི་ཞུས་ལིན་རྡོག་ཁྲེས་ལེན་སའི་རྒྱབ་ཀྱི་ཚོམས་ཆེན་དུ་འོང་ནས། སྐྱོན་གང་ནས་བྱུང་བ་འཕྲལ་མར་ཤེས་རྟོགས་ཐུབ་ནས་ཐག་གཅོད་འོས་འཚམ་བྱས་པས། དབྱེ་འབྱེད་འཕྲུལ་འཁོར་རྒྱུན་གཏན་བཞིན་འཕྲལ་མར་འཁོར་སྐྱོད་བྱེད་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།