ཀྲུང་གོའི་ཕུལ་བྱུང་དཔེ་དེབ་ཁེ་རོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ལ་བསྟན་པ།
“ཤེས་ཚོར”ནས“དཔྱད་གཞིར་འཛིན་པའི”བར་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་མི་དེ་བས་མང་བའི་ཁས་ལེན་ཐོབ་པ།

འདི་ནི་སྐབས་འདིའི་ཁེ་རོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ལ་ཨེ་ཅིབ་ཀྱི་ཀློག་པ་པོས་ཀྲུང་གོའི་ཕུལ་བྱུང་བྱིས་པའི་ཀློག་དེབ་ཉོ་བཞིན་པ།
ཟླ་2ཚེས་3ཉིན། ཁེ་རོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་ང་བདུན་པ་ཨེ་ཅིབ་ཁེ་རོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་མཇུག་འགྲིལ་བ་རེད། དབུས་ཤར་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་དཔེ་དེབ་འགྲེམས་སྟོན་གྱི་གྲས་ཤིག་ཡིན་པའི་ངོས་ནས། སྐབས་འདིའི་འགྲེམས་ཚོགས་ཟླ་1ཚེས་21ཉིན་འགོ་ཚུགས་པ་ནས་བཟུང་། རྒྱལ་ཁབ་དང་ས་ཁུལ་83གྱི་དཔེ་སྐྲུན་ཁང་1457དང་འགྲེམས་ཞུགས་སྒྲིག་གཞི་6637ཞུགས་ནས། ཁེ་རོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཀྲུང་གོ་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)ཚད་ཡོད་ཀུང་སི་དང་ཨེ་ཅིབ་ཞི་ཁོ་མའེ་ཐེ་རིག་གནས་ཚོགས་པས་ཀྲུང་གོའི་ཕུལ་བྱུང་དཔེ་དེབ་རིགས་བརྒྱ་གྲངས་ཁྱེར་ནས་དཔེ་དེབ་འགྲེམས་སྟོན་ལ་ཞུགས་ཤིང་། ཀྲུང་གོའི་བློ་གྲོས་དང་རིག་གནས་འདུས་པའི་དཔེ་དེབ་རེ་རེ་རི་ཀླུང་བརྒལ་ཏེ་ས་གནས་དེ་གའི་ཀློག་པ་པོའི་ལག་ཏུ་འབྱོར། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་རྩོམ་པ་པོ་ཡང་བཞུགས་མོལ་ཚོགས་འདུ་དང་གླེང་སྟེགས་སོགས་ཀྱི་བྱེད་སྒོར་ཞུགས་ནས་རིག་གནས་གླེང་མོལ་གྱི་རོལ་དབྱངས་མཉམ་དུ་དཀྲོལ་བ་རེད།
དགུན་གྱི་ཞོགས་པའི་ཉི་གཞོན་ཁྲོད། ཀློག་པ་པོས་ཤེས་བྱ་ཤེས་འདོད་ཀྱི་བློ་དང་བཅས་ཏེ་ཁེ་རོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་རྒྱལ་སྒོ་ནས་གོ་རིམ་ལྟར་འཛུལ་ཞིང་། ཀྲུང་གོའི་ཕུལ་བྱུང་དཔེ་དེབ་ཡིག་སྒྱུར་དང་དཔེ་སྐྲུན་གཙོ་གཉེར་བྱེད་མཁན་གྱི་ཞི་ཁོ་མའེ་ཐེ་རིག་གནས་ཚོགས་པའི་འགྲེམས་སྟེགས་སུ། ཚོན་མདངས་རྣམ་པར་བཀྲ་བའི“ཀྲུང་གོའི་དམར་མདངས”ཁྱད་ཆོས་སུ་བྱས་ཏེ་བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་པའི་ཀྲུང་གོའི་དཔེ་དེབ་བསྒྲིགས་ཡོད།
འགྲེམས་སྟེགས་ཀྱི་ལྟེ་བའི་ཁུལ་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་དང་པོ་ནས་བཞི་པའི་བར་གྱི་ཨ་རབ་ཡི་གེའི་པར་གཞི་དང་། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་སྒྲིག》གི་དེབ་དང་པོ་དང་གཉིས་པ་དང་། 《ཀྲི་ཅང་གཏམ་གསར》 《ཞི་ཅིང་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ》སོགས་བརྩམས་ཆོས་མང་པོ་ཞིག་གི་ཨ་རབ་ཡི་གེའི་པར་གཞི་ཡང་ཐེངས་དང་པོ་གཅིག་སྡུད་ཐོག་བསྟན་ནས། ཨེ་ཅིབ་ཀྱི་ཀློག་པ་པོས་ཀྲུང་གོར་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
འགྲེམས་སྟེགས་ལ་བསྒྲིགས་པའི་དཔེ་དེབ་ལ་ཁྱབ་ཁོངས་མང་པོ་ཡོད་དེ། 《ཆུ་ཀླུང་ཆེན་པོ》དང《ཚ་ལུ་མའི་བསྟོད་པ》སོགས་ཀྱི་རིག་རྩལ་བརྩམས་ཆོས་ཡོད་ལ། 《ཀྲུང་གོའི་གཞུང་ལམ་གྲོག་རོང་ཟམ་ཆེན》དང་། 《དུས་རབས་གསར་པའི་ཀྲུང་གོའི་གསར་གཏོད》 《ཀྲུང་གོའི་བཟོ་སྐྲུན། མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ》སོགས་དཔལ་འབྱོར་ཚན་རྩལ་གྱི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་དཔེ་དེབ་དང་། 《རི་མཚོའི་མདོ》སོགས་ཀྱི་གནའ་དཔེ་ཡང་ཡོད་པ་གསར་འགོད་པས་ས་གནས་ས་ཐོག་ནས་ཤེས་རྟོགས་བྱུང་།
དཔེ་དེབ་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོའི་སྙན་ཞུ་ཁང་དུ། “དེང་རབས་ཀྲུང་གོའི་གཞོན་སྐྱེས་རྩོམ་པ་པོའི་པིར་རྩལ་ལས་མངོན་པའི་ད་ལྟ་དང་འབྱུང་འགྱུར”གྱི་གླེང་སྟེགས་ལ་ཞུགས་མཁན་ཧ་ཅང་མང་བ་དང་། མའེ་སུའུ་དང་། ཀྲོའུ་ཧུང་ཞང་། ལུའུ་པན་བཅས་ཀྲུང་གོའི་གཞོན་སྐྱེས་རྩོམ་པ་པོ་གསུམ་གྱིས་ཨེ་ཅིབ་ཀྱི་རྩོམ་རིག་དགའ་མོས་ཅན་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ། རིག་གནས་ཁོར་ཡུག་ལས་བརྒལ་བའི་རྩོམ་རིག་གི་རིན་ཐང་མཉམ་དུ་གླེང་བ་རེད།
དཔེ་དེབ་འགྲེམས་སྟོན་བྱ་ཡུལ་དུ། དབུ་སྐྲ་དུང་ལྟར་དཀར་བའི་རྒན་རྒོན་ཞིག་གིས《ཀྲི་ཅང་གཏམ་གསར》ནན་ཏན་ངང་ལྟ་ཀློག་བྱེད་བཞིན་ཡོད་པ་དང་། དེའི་འཁྲིས་སུ་གཞོན་ནུ་མ་ཞིག་གིས་བར་བཅུག་རི་མོ་ཡོད་པའི《རི་མཚོའི་མདོ》ལ་ལྟ་བཞིན་ཡོད། ལོ་ན་མི་འདྲ་བ་དང་རྒྱབ་ལྗོངས་མི་འདྲ་བའི་ཨེ་ཅིབ་ཀྱི་ཀློག་པ་པོས་ཀྲུང་གོའི་འཕེལ་རྒྱས་དང་ཀྲུང་གོའི་རིག་གནས་ཤེས་འདོད་ཆེན་པོ་བྱེད་ཀྱི་ཡོད།
“དཔེ་དེབ་བྲིན་ཚོང་བྱེད་ཚད་དང་ཀློག་པ་པོའི་ཚུར་སྣང་ལན་ཆ་ལས་ཨེ་ཅིབ་ཀྱི་ཀློག་པ་པོས་ཀྲུང་གོར་ངོས་འཛིན་ཐུབ་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་ཡི་ཡོད་པ་ཤེས་ཐུབ”ཅེས་སའེ་དབྱི་ཏེ་ཡིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། དེ་སྔོན་ཀློག་པ་པོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། གྲོང་གསེབ་དར་རྒྱས་སོགས་བརྗོད་དོན་གཙོ་བོའི་དཔེ་དེབ་ཉོ་བའི་དམིགས་ཡུལ་གཙོ་བོ་ནི་རིག་གཞུང་ཞིབ་འཇུག་ཆེད་དུ་རེད། ད་ཆ་མི་དེ་བས་མང་བས་དཔེ་དེབ་དེ་རིགས་ཁྲོད་ནས་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་འཐབ་ཇུས་འཚོལ་ཞིབ་བྱེད་ཀྱི་ཡོད། “‘ཤེས་ཚོར’ནས‘དཔྱད་གཞིར་འཛིན་པའི’བར་གྱི་འགྱུར་ལྡོག་དེ་ནི་ཨེ་ཅིབ་དང་ཀྲུང་གོའི་དབར་རིག་གནས་སྤེལ་རེས་བྱས་ནས་ཐོབ་པའི་རྩ་ཆེའི་གྲུབ་འབྲས་ཡིན་ལ། དེས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལའང་དམངས་འདུན་གྱི་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བརྗོད།
ཡ་མཚན་རྩད་ཞིབ་ནས་རང་འགུལ་ངང་དཔྱད་གཞིར་འཛིན་པའི་བར་དང་རིག་གནས་ཤེས་ཚོར་ནས་ཉམས་མྱོང་སློབ་སྦྱོང་བྱེད་པའི་བར། ཁེ་རོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ལས་ཨེ་ཅིབ་ཀྱི་ཀློག་པ་པོས་ཀྲུང་གོར་ངོས་འཛིན་ཐུབ་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བ་ཤེས་ཐུབ། འགྱུར་ལྡོག་དེ་དག་བྱུང་དོན་ནི་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་དགོས་མཁོ་གཅིག་མཚུངས་དང་མཉམ་ལས་ཀྱི་འདོད་བློ་ཟབ་ཏུ་ཕྱིན་པས་ཡིན།
(འདི་ག་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་2ཚེས་3ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།