མཐོ་གྲང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱས་ནས་རྩྭ་ལས་ལག་རྩལ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།
བོད་བྱང་ཐང་དུ་རྩྭ་ལས་ཚན་རྩལ་ཁང་ཆུང་ངུ་ཞིག་ཡོད་པ།

འདི་ནི་ངག་དབང་པད་མས་ཚོད་འདེབས་ཞིང་ནང་དུ་རྩྭའི་སྐྱེ་འཚར་ལ་ལྟ་བཞིན་པ།

འདི་ནི་ཚན་རྩལ་ཁང་དང་དེའི་ཚོད་འདེབས་ཞིང་ཁ་ཡིན་པ།
ཆ་སྙོམས་ས་བབ་སྨི་4500ཡན་གྱི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ནས་རྒྱང་ལྟ་བྱེད་སྐབས་སྐྱ་ཐེར་ཐེར་གྱི་རྩྭ་ཐང་མཐའ་ཡས་པ་ཞིག་མིག་ལམ་དུ་མངོན།
ས་བབ་མཐོ་བ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཉམས་ཞན་ཡིན་པས་དེ་གའི་རྩྭ་མཛུབ་མོའི་རིང་ཚད་ཙམ་ལས་སྐྱེ་ཐུབ་ཀྱི་མེད།
བོད་དུ་ལས་ཀ་བྱས་ནས་ལོ་10ལྷག་ཙམ་སོང་བའི་ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ལས(རྩྭ་ལས)ཚན་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་ཕྱུགས་ལས་ཆེ་མོ་བ་ཧོ་ཧྲི་ཁྲེང་གིས“ཡངས་ཤིང་རྒྱ་ཆེ་ལ་ཉམས་ཞན་གྱི་རྩྭ་ཐང་དེར་སྲུང་སྐྱོང་བྱེད་པར་འགྲན་སློང་ཆེན་པོ་ཡོད་མོད། འོན་ཀྱང་ང་ཚོས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
ནག་ཆུ་གྲོང་ཁྱེར་གྱི་གྲོང་འདབས་སུ་ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ལས(རྩྭ་ལས)ཚན་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ལ་བརྟེན་ནས་2022ལོར་བོད་ལྗོངས་ནག་ཆུའི་རྩྭ་ལས་ཚན་རྩལ་ཁང་ཆུང་ངུ་བཙུགས་པ་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཁོར་ཡུག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཞིབ་འཇུག་སུའོ་ཡིས་ལག་རྩལ་གྱི་འདེགས་སྐྱོར་བྱས་ཏེ་མཐོ་གྲང་རྩྭ་ཐང་སྔར་བས་ལེགས་པའི་ངང་སྲུང་སྐྱོང་ཇི་ལྟར་བྱ་རྒྱུར་གཞོལ་བཞིན་ཡོད།
རྩྭ་ར་ཉམས་གསོ་བྱས་ཏེ།
ནོར་ལུག་འདི་གར་རྩྭ་ཟ་བར་མི་ཡོང་བ་ནས་རང་འགུལ་ངང་ཡོང་བའི་བར་གྱི་འགྱུར་ལྡོག
“བོད་བྱང་ཐང་གི་ས་མཐོའི་སྐྱེ་ཁམས་མ་ལག་ཉམས་ཞན་ཡིན་པའི་ཁར་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་ས་མཐོའི་འབྲོག་ལས་འཕེལ་རྒྱས་སོགས་རྒྱུ་རྐྱེན་ལས་དེ་སྔ་ལོ་བཅུ་ཕྲག་ཁ་ཤས་རིང་ནག་ཆུའི་རྩྭ་ཐང་ཉམས་ཞན་དུ་ཕྱིན་ཡོད། དེ་ལས་སྐྱེ་ཁམས་ལ་ཉེན་ཁ་འཕྲད་ཡོད་ལ་ཡུལ་དེ་གའི་ཞིང་འབྲོག་པའི་འཚོ་བར་ཡང་ཤུགས་རྐྱེན་ཐེབས་ཡོད”ཅེས་ཚན་རྩལ་ཁང་ཆུང་ངུའི་མཛུབ་ཁྲིད་པ་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཁོར་ཡུག་འཕེལ་རྒྱས་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དཀོན་མཆོག་གྲགས་པས་བཤད།
གནད་དོན་འདི་མྱུར་དུ་ཐག་གཅོད་བྱེད་དགོས་པ་དང་ཐག་གཅོད་བྱེད་ཐབས་རིམ་བཞིན་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད།
ཚན་རྩལ་ཁང་ཆུང་ངུའི་ལག་རྩལ་པ་ངག་དབང་པད་མས་ཚོད་འདེབས་ཞིང་ནང་དུ་སྐྱེ་དངོས་ཀྱི་སྐྱེ་འཚར་ལ་ལྟ་བཞིན་ཡོད་ཅིང་། ཚོད་འདེབས་ཞིང་ཁ་དེ་ལི་སྨི་60ཡི་ཚོད་ལྟའི་ཞིང་བཅུ་ཕྲག་ཁ་ཤས་བགོས་ནས་སྐྱེ་དངོས་མི་འདྲ་བ་བཏབ་ཡོད། ཞིབ་འཇུག་པས་ཚོད་ལྟའི་ཞིང་མི་འདྲ་བའི་དབར་གྱི་སྔོ་ཁེབས་རིགས་དང་འདེབས་འཛུགས་སྟུག་ཚད་སོགས་ཀྱི་ཁྱད་པར་ལ་ཚོད་འཛིན་བྱེད་པ་དང་འབྲེལ་སྒྲིག་ཆས་སྣ་ཚོགས་སྤྱད་ནས་ས་རྒྱུའི་བཞའ་ཚན་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་སྐྱེ་འཚར་ཁོར་ཡུག་མི་འདྲ་བ་ལས་སྐྱེ་དངོས་ལ་ཐེབས་པའི་ཤུགས་རྐྱེན་ལ་ལྟ་དཔྱད་ཚད་འཇལ་བྱེད་ཀྱི་ཡོད།
ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་པའི་ཐང་རྒོད་དུ་ཧོ་ཧྲི་ཁྲེང་གིས་ཞིབ་འཇུག་པའི་སྣེ་ཁྲིད་དེ་ལས་ཀ་བྱེད་ཀྱི་ཡོད།
“བོད་ཀྱི་ས་ཆ་མང་ཆེ་བར་རྩྭ་ཐང་ཉམས་གསོ་བྱེད་སྐབས་མཚོ་སྔོན་སོགས་ཀྱི་རྩྭ་སོན་སྤྱོད་ཀྱི་ཡོད། ང་ཚོས་དེའི་ཚབ་བྱེད་ཐུབ་པའི་རྩྭ་སོན་ཤེས་རྟོགས་དང་འདེབས་གསོ་ཐུབ་རེ་བྱེད་ཀྱི་ཡོད། རི་ཐང་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། རང་ཡུལ་གྱི་རི་སྐྱེས་རྩྭ་སོན་སྣ་ཁ་50འཚོལ་བསྡུ་དང་མཛོད་འཇུག་བྱས་པ་དང་། ཁྱད་ལྡན་རི་སྐྱེས་རྩྭ་སོན་སྣ་ཁ་16འདེམས་སྒྲུག་བྱས་པ། ཚོད་ལྟའི་ཞིང་ནང་དུ་མི་མངོན་པའི་སྟོབས་ཤུགས་ལྡན་པ་དང་འཕྲོད་ནུས་ཆེ་བའི་འདུལ་གསོའི་རྩྭ་སོན་སྣ་ཁ་8ཡོད”ཅེས་ཧོ་ཧྲི་ཁྲེང་གིས་ངོ་སྤྲོད་བྱས།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་སྐར་ཆེན་གྲོང་ཚོར་རྩྭ་ར་ཉམས་གསོའི་གྲུབ་འབྲས་རགས་ཙམ་མངོན་ཡོད།
ལག་རྩལ་ཁྱབ་གདལ་བཏང་སྟེ།
ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཞིང་འབྲོག་པར་བཞག་པ།
མང་ཚོགས་ཀྱི་དགོས་མཁོར་ཞབས་འདེགས་ཏན་ཏིག་ཞུས་ནས་རྩྭ་ལས་ལག་རྩལ་ཁྱབ་གདལ་གཏོང་བར་ཤུགས་སྣོན་རྒྱག་པ་ནི་ཚན་རྩལ་ཁང་ཆུང་ངུའི་ལས་དོན་གལ་ཆེན་ཞིག་ཡིན། “རྩྭ་ལས་ཀྱི་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བར་ཐོན་སྐྱེད་ཀྱི་རིན་ཐང་ལྡན་པ་མ་ཟད། སྐྱེ་ཁམས་ཀྱི་རིན་ཐང་དེ་བས་ཀྱང་ལྡན་ཡོད། ཚན་རིག་དང་མི་མཐུན་པའི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་ལས་རྩྭ་ཐང་ལ་གཏོར་བཤིག་ཆེན་པོ་ཕོག་གི་ཡོད་པས། ང་ཚོས་ཚན་རིག་ཞིབ་འཇུག་བྱེད་དགོས་པ་མ་ཟད། ཞིབ་འཇུག་གི་གྲུབ་འབྲས་དེ་དག་ཞིང་འབྲོག་པར་བཞག་ནས་དེའི་ཕན་འབྲས་དེ་བས་ཆེ་བ་ཐོན་ཐུབ་པ་བྱེད་དགོས་ཀྱི་ཡོད”ཅེས་དཀོན་མཆོག་གྲགས་པས་བཤད།
ཚན་རིག་དང་མཐུན་པའི་ངང་རྩྭ་ཁར་ཕྱུགས་རེས་སྐོར་འཚོ་བ་ནི་དཀོན་མཆོག་གྲགས་པས་ཁྱབ་གདལ་གཏོང་བའི་ཕྱུགས་འཚོ་སྟངས་ཤིག་རེད།
དབྱར་ཁར་རྩྭ་ཐང་དུ་འབྲི་གཡག་གང་སར་མཐོང་རྒྱུ་ཡོད་མོད། འོན་ཀྱང་རྩྭ་ར་ཞིག་ལ་དུས་ཡུན་ཇི་ཙམ་རིང་ལ་ཕྱུགས་འཚོ་ཐེངས་གཅིག་འཁོར་ཐུབ་མིན་ལ་སྣང་ཆེན་བྱེད་དགོས་ཀྱི་ཡོད། “ང་ཚོས་ཞིབ་འཇུག་བྱེད་རིང་རྩྭ་ཐང་གཞན་དག་དང་བསྡུར་ན་མཐོ་གྲང་རྩྭ་སའི་སླར་གསོའི་ནུས་པ་ཞན་པས་རྩྭ་ཁར་ཕྱུགས་རེས་སྐོར་འཚོ་བའི་དུས་འཁོར་རིང་དུ་གཏོང་དགོས་པ་ཤེས་རྟོགས་ཐུབ་བྱུང”ཞེས་དཀོན་མཆོག་གྲགས་པས་བཤད།
ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད་ཚན་ཞིབ་པས་བལྟོས་བཅས་དོ་སྙོམས་ཀྱི་བྱ་ཐབས་ཤིག་སྟེ། གནམ་གཤིས་དྲོ་དུས་ཕྱུགས་འཚོ་བའི་དུས་ཡུན་ཉིན་10དང་རྩྭ་ར་བསྙལ་བའི་དུས་ཡུན་ཉིན་20ཡི“དུས་འཁོར་རིང་བ་དང་ཐེངས་གྲངས་ཉུང་བའི”བྱེད་ཐབས་སྤྱད་ཡོད། བྱེད་ཐབས་དེས་སྐྱེ་ཁམས་སྲུང་སྐྱོང་དང་མང་ཚོགས་ཀྱི་ཐོན་སྐྱེད་གཉིས་ཀར་འཐུས་ཤོར་མ་བྱུང་བར་མཐོ་གྲང་རྩྭ་སའི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་སུ་གཏོང་བ། དེ་བཞིན་རྩྭ་ས་སྤྱོད་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད་པ་རེད།
ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ།
བྱང་ཐང་གི་ཁ་བའི་ཡུལ་ལུང་གསེར་རི་དངུལ་རིར་བསྒྱུར་བ།
མཱ་ཡན་ཏན་ནི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་འབུམ་རམས་པའི་ལོ་རིམ་གཉིས་པའི་སློབ་མ་རེད། འདས་ཟིན་པའི་ལོ་གསུམ་གྱི་རིང་ཁོང་ལོ་ལྟར་ཚན་རྩལ་ཁང་ཆུང་ངུའི་ནང་ཞིབ་འཇུག་ལས་ཀ་བྱེད་པར་ཡོང་གི་ཡོད།
“སྤྱིར་ན་ཆ་རྐྱེན་ཞན་པོ་ཡོད་ནའང་རང་བྱུང་ཁོར་ཡུག་དམིགས་བསལ་ཡིན་པས་ང་ཚོར་གསར་རྙེད་ཀྱི་གོ་སྐབས་སྔར་ལས་མང་བ་ཡོད”ཞིབ་འཇུག་ཁྱབ་ཁོངས་སྐོར་གླེང་སྐབས་མཱ་ཡན་ཏན་དགའ་སྤྲོས་མྱོས་ཤིང་། ཁོང་གིས“ང་ཚོས་རྩྭ་སའི་ཐོན་སྐྱེད་ནུས་ཤུགས་འགྱུར་ལྡོག་གི་ཤུགས་རྐྱེན་སྐོར་གྱི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་བཞིན་ཡོད། ཡུལ་ལུང་འདི་གར་ཚོད་ལྟ་དང་འཚོལ་ཞིབ་ཀྱི་བར་མཐོངས་རྒྱ་ཆེན་པོ་ཡོད་པས། གསར་རྙེད་ལས་ལྷག་པའི་ཡིད་དབང་འཕྲོག་ས་གཞན་གང་དག་ཡོད་དམ”ཞེས་བཤད།
དཀོན་མཆོག་གྲགས་པས“ཚན་རྩལ་ཁང་ཆུང་ངུས་མུ་མཐུད་མཐོ་གྲང་རྩྭ་སའི་སྐྱེ་ཁམས་ཞིབ་འཇུག་ལྟེ་བར་བྱས་ཏེ་མཐོ་གྲང་ཁུལ་གྱི་རྩྭ་ས་དང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཞིབ་འཇུག་བྱེད་ཀྱི་ཡིན། ང་ཚོས་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་བྱེད་པ་དང་། ལག་རྩལ་ལ་བརྟེན་ནས་རང་ཡུལ་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ་བྱང་ཐང་ཡུལ་ལུང་སྔར་བས་ལེགས་པའི་སྒོ་ནས་གསེར་རི་དངུལ་རིར་བསྒྱུར་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།