དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནོར་སྲིད་ཀྱི་ཤར་རླུང་ལྡང་། དམངས་འཚོ་ཡི་དཔྱིད་དཔལ་བཞད།

    རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་དང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-06

    རྩོམ་པ་པོའི་སྦྲགས་མཆན།

    སྤྱོད་ཚུལ་དྲང་ན་བྱ་གཞག་དར་ཞིང་རྒྱས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་འཛུགས་སྐྱོང་ལ་བརྟེན་ནས་འགོ་རྩོམ་འགག་བརྟོལ་བྱས། ལོ་ལྔ་བསྟུད་མར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་ནས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་གྱི་ཆོད་སེམས་བརྟན་པོ་གང་ལེགས་མངོན་པ་དང་། ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་ལ་སྐུལ་འདེད་ཐུབ་པ། སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་རྒྱུན་མཐུད་ལེགས་སུ་སོང་བ། སེམས་མཐུན་སྟོབས་སྒྲིལ་དང་སེམས་ཤུགས་ཆེན་པོས་ལས་དོན་སྒྲུབ་པའི་སྤྱི་ཚོགས་ཀྱི་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་སྟེ། རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རྒྱང་ལམ་གསར་པར་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་འཛུགས་སྐྱོང་ཐད་ནམ་ཡང་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཡོད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་གནས་ཚུལ་གཏོང་སྤེལ་བྱས་ཏེ། རང་ལྗོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པ་དང་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གནད་སྨིན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན།

    ཟླ་2ཚེས་3ཉིན། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་ཞིང་། དགོང་མོའི་ཆུ་ཚོད་10པར་ལྷ་ས་གྲོང་ཁྱེར་པེ་ཅིང་ནུབ་ལམ་གྱི་སྒོ་རྟགས་23པའི་སྒོ་རའི་ནང་སྔར་བཞིན་གློག་འོད་ཁྲ་ཆིལ་ལེར་གསལ།

    2025ལོར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མི་དམངས་འཐུས་ཚོགས་ཀྱི་ཆོག་མཆན་ཐོབ་རྗེས་ཉིན་གཅིག་ནང་སྔོན་རྩིས་གཤམ་སྤྲོད་བྱས་པ་དང་། 2026ལོར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ལས་དོན་སྤེལ་ཚད་སྔར་བས་མགྱོགས་སུ་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་བའི་ཉིན་དེ་རང་གི་དགོང་མོར་སྔོན་རྩིས་གཤམ་སྤྲོད་ལེགས་སྒྲུབ་བྱས་པ་དང་། ཁྲིམས་གཏན་འཁེལ་བའི་དུས་ཚོད་ལས་ཉིན་20ཡི་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ་དེས་ལོ་འཁོར་མོའི་སྔོན་རྩིས་ལག་བསྟར་ལ་དུས་ཚོད་5%གྲོན་ཆུང་ཐུབ་ཡོད། འདི་ནི་ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།

    “མི་དམངས་ལ་འགན་འཁུར་བ་དང་ཏང་གི་བྱ་གཞག་ལ་འགན་འཁུར་བའི”རྣམ་འགྱུར་བཅངས་ནས། རང་སྐྱོང་ལྗོངས་ནོར་སྲིད་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས་བྱེད་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། དམངས་འཚོའི་དགོས་མཁོ་གནད་སྨིན་འབྲེལ་མཐུད་བཅས་བྱས་ནས་དངུལ་སྐར་ལི་གཅིག་ཡིན་ཡང་གནད་འཁེལ་ངང་སྤྱོད་པའི་འགན་ལེན་བྱས་ཏེ་དངོས་སྒྲུབ་དང་ལས་རྗེས་དངོས་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཡོད།

    སྔོན་རྩིས་འགྲོ་སོང་ཕན་ནུས་ཆེ་ཞིང་སྟབས་བདེ་བ།

    2025ལོའི་ཟླ་9པར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་བསོད་སྐད་གྲོང་ཚོའི་ཡུལ་མི་ཚེ་རིང་དོན་གྲུབ་ཀྱིས་ནོར་སྲིད་ཀྱི་ཁ་གསབ་སྒོར་3000དང་ཞིང་ལས་དངུལ་ཁང་ནས་རེ་ཞུ་བྱས་པའི་སྐྱེད་མེད་དངུལ་བུན་སྤྱད་དེ་ཞིང་ལས་འཕྲུལ་ཆས་ཆུང་གྲས་ཤིག་ཉོས་པ་རེད།

    ཁོང་བསམ་ཡུལ་ལས་འདས་པ་ཞིག་ལ་རེ་ཞུ་ཕུལ་བ་ནས་མ་དངུལ་འབྱོར་བའི་བར་ཉིན་གསུམ་ལས་འགོར་མེད། དེ་སྔ་ཡིན་ན། དེ་དང་འདྲ་བའི་ཁ་གསབ་ལ་དུས་ཡུན་ཟླ་བ་གཅིག་དང་ཐ་ན་དེ་ལས་རིང་བ་འགོར་གྱི་ཡོད།

    ཞིང་ལས་འཕྲུལ་ཆས་ཀྱི་ཁ་གསབ་རེ་ཞུ་སྟབས་བདེ་རུ་གཏོང་བ་དང་མ་དངུལ་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་སོགས་སྡེ་ཚན་གྱིས་དངུལ་སྤྲོད་པའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་ཁ་གསབ་རེ་ཞུའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བར་སྐུལ་འདེད་བཏང་ཡོད། “ཁ་གསབ་བྱས་མ་ཐག་ལམ་སེང་སྤྲོད་པ་དང་གཱ་ནང་ཐད་ཀར་དངུལ་བླུག་པའི”བྱེད་ཐབས་གཞིར་བཟུང་། མ་དངུལ་དེ་ཆ་རྐྱེན་འཛོམས་པའི་འཕྲུལ་ཆས་ཉོ་མཁན་གྱི་གཱ་ནང་ཐད་ཀར་བླུགས་ནས་དམངས་འཚོའི་བྱ་བ་འདི་ལས་ཕྱོད་ཆེ་ཞིང་སྟབས་བདེ་པོ་ཡོད་པས་མང་ཚོགས་བློ་ཡིད་ཚིམ་པོ་བྱུང་ཡོད།

    འགྱུར་ལྡོག་ཆུང་ངུ་འདི་དག་གི་རྒྱབ་ཏུ་ནི། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ནོར་སྲིད་ཁོངས་གཏོགས་ཀྱི་སྤྱོད་ཚུལ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་མངོན་པ་སྟེ། གཞུང་ལས་ཁང་དུ་བསྡད་ནས་ཡིག་ཆར་ཞིབ་མཆན་འགོད་པ་ནས་གཞི་རིམ་དུ་བསྐྱོད་ནས་གནད་དོན་དངོས་ཐག་གཅོད་བྱེད་པའི་བར་ནོར་སྲིད་ལས་དོན་པའི“སྤྱོད་ཚུལ་བཟང་པོར”བརྟེན་ནས་མ་དངུལ་བཀོད་སྒྲིག་གི“ནུས་ཕྱོད་ངོ་མ”ཆེ་རུ་གཏོང་བ་དེ་རེད།

    ནོར་སྲིད་མ་དངུལ་གྱིས་མང་ཚོགས་ལ་ཕན་འདོགས་པར་དངོས་དངོས་རྗེན་རྗེན་གྱི་རྒྱུ་དངུལ་གཏོང་དགོས་པ་མ་ཟད། ནོར་སྲིད་བྱ་གཞག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་ཚད་ལྡན་ནུས་ཆེའི་དོ་དམ་བྱས་པ་དང་དེ་བས་ཁ་འབྲལ་ཐབས་མེད།

    ནོར་སྲིད་ཀྱི་གཏོང་སྒོ་འཕེལ་མེད་སོར་གནས་སུ་གྱུར་པ་དང་མ་དངུལ་བེད་སྤྱོད་ཀྱི་ལས་རྗེས་མཐོ་རུ་གཏོང་དགོས་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། བོད་ལྗོངས་ནོར་སྲིད་ཁོངས་གཏོགས་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཡོངས་ཀྱི་སྔོན་ཚུད་དུ་བྱས་འབྲས་སྔོན་རྩིས་དང་། གཞི་རྩའི་སྔོན་རྩིས། གཞི་གཅིག་ཅན་གྱི་ཆ་འཕྲིན་མ་ལག་འཛུགས་སྐྱོང་བཅས་སྒྱུར་བཅོས་ཁག་གསུམ་མཉམ་འདྲེས་དམ་ཟབ་བྱས་ཏེ། “བྱས་འབྲས་སྔོན་རྩིས་ཁྲིད་སྟོན་དུ་བྱེད་པ་དང་། གཞི་རྩའི་སྔོན་རྩིས་དམ་འཛིན་བྱ་གཞིར་བྱེད་པ། ཆ་འཕྲིན་མ་ལག་འདེགས་སྐྱོར་དུ་འཛིན་པའི” “2+1”གི་ནོར་སྲིད་ཕྱོགས་བསྡུས་སྒྱུར་བཅོས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། བོད་ཀྱི་ནོར་སྲིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕུགས་ཕན་ལམ་སྲོལ་མགྱོགས་མྱུར་བཙུགས་པ་རེད།

    “ང་ཚོས་མུ་མཐུད་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ། སྔར་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་གནད་སྨིན་སྒོ་ནས་དོན་འཁྱོལ་བྱེད་པ་དང་། ཆད་སྐྱོན་གསབ་པ་དང་། ཞན་ཆ་སེལ་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་ཐུབ་པ་བྱེད་དགོས”ཞེས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་དབྱིན་ལི་ཧྥུང་གིས་བཤད།

    དམངས་འཚོར་མ་དངུལ་གནད་སྨིན་གཏོང་བ།

    བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོའི་གྲོང་གསེབ་བདེ་སྐྱིད་གླིང་དུ། རྒན་རྒོན་ཁྱུ་ཞིག་གིས་ཇ་བསྲུབས་མ་འཐུང་གིན་དེ་སྔ་སྨན་བཅོས་དཀའ་བ་དང་སྨན་དཀོན་པའི་གནས་ཚུལ་ནས་ད་ལྟའི་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་དང་དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་འཐུས་སྒོ་ཚང་དུ་ཕྱིན་པའི་སྐོར་གླེང་ནས་དགའ་ཚོར་གྱི་དགོད་སྒྲ་བྱེད་སྒོ་ཁང་གི་གང་སར་ཁྱབ།

    ནོར་སྲིད་མ་དངུལ་གྱིས་སྒོར་ཁྲི་300བཏང་ནས་བསྐྲུན་པའི་རྒན་རྒོན་བྱེད་སྒོའི་ལྟེ་གནས་དེར་བདེ་ཐང་ལུས་གསོ་ཁང་དང་། ནུས་མང་བྱེད་སྒོ་ཁང་། དཔེ་དེབ་ལྟ་ཀློག་ཁང་སོགས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། དྲོད་རླངས་མཁོ་འདོན་དང་གསོ་རླུང་ཡོངས་སུ་ཁྱབ་ཡོད་པས་རྒན་རྒོན་ཚོའི་དྲོ་སྐྱིད་ལྡན་པའི“བདེ་སྐྱིད་ཁྱིམ་གཞིས”ཤིག་ཏུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ནོར་སྲིད་ཁོངས་གཏོགས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ། དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་དམངས་འཚོའི་དོན་དངོས་ཁག་གཅིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར། 2021ལོ་ནས་བཟུང་བོད་ཀྱིས་ལོ་ལྟར་ནོར་ཤུགས་ཀྱི་80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་གི་ཡོད། 2021ལོ་ནས་2025ལོ་བར་བོད་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་སྒོ་ཁྱོན་སྒོར་དུང་ཕྱུར་ཁྲི་1ཟིན་ནས་ལོ་ལྔ་གོང་མ་ལས་45%འཕར་ཡོད།

    —སློབ་གསོའི་ཁྱབ་ཁོངས་སུ། སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་དེ་1985ལོ་ནས་བཟུང་བསྟུད་མར་ཚད་གཞི་ཐེངས་22མཐོ་རུ་བཏང་བ་དང་། 2025ལོའི་ལོ་རེར་སློབ་མ་རའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་5700ཟིན་ཡོད། “འགན་ལེན་གསུམ”གྱི་གྲོན་དངུལ་སྒོར་དུང་ཕྱུར་179.67དོན་འཁྱོལ་བྱས་ནས་སློབ་མ་མི་ཐེངས་ཁྲི་355.17ལ་ཁྱབ་ཡོད།

    —སྨན་བཅོས་ཁྱབ་ཁོངས་སུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་པོར་བརྟག་དཔྱད་བྱེད་པའི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་164བར་མཐོ་རུ་བཏང་བ་དང་། ལོ་65ཡན་གྱི་གྲོང་མིར་སྒོར་200བར་མཐོ་རུ་བཏང་བ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་735བར་མཐོ་རུ་བཏང་བ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་སྒོར་120བར་མཐོ་རུ་བཏང་ཡོད།

    —སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་སུ། ལྗོངས་ཡོངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་175ལས་བརྒལ་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་280ལས་བརྒལ་བ། གཞི་རྩའི་འཚོ་བའི་རོགས་སྐྱོབ་ལེན་མཁན་མང་ཚོགས་ཁྲི་29.83ཟིན་ཡོད།

    སྲིད་ཇུས་དོན་འཁྱོལ་ཐུབ་ནས་མི་སེམས་དྲོས་པ།

    ནོར་སྲིད་སྲིད་ཇུས་བོད་ཀྱི་དོན་དངོས་དང་མཐུན་པ་དང་མི་དམངས་ཀྱི་རེ་སྒུག་དང་མཐུན་པ་བྱ་ཆེད། རང་སྐྱོང་ལྗོངས་ནོར་སྲིད་ཁོངས་གཏོགས་ཀྱིས་བརྟག་དཔྱད་ཞིབ་འཇུག་དེ་དོན་གཉེར་གྱི་རྨང་གཞི་དང་དོན་སྒྲུབ་ཀྱི་ཐབས་ལམ་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ཁྱེར་ནས་གཞི་རིམ་དང་འཐབ་ས་དང་པོར་སྐྱོད་པ་དང་། ཆ་རྐྱེན་ཞན་པ་དང་ས་བབ་མཐོ་སར་སྐྱོད་པ། ཞབས་ཞུའི་དགོས་མཁོ་ཆེ་བ་དང་མང་ཚོགས་ཀྱི་རེ་འདུན་མང་བའི་ས་ཆར་སྐྱོད་པ། དཀའ་ངལ་ཆེ་བ་དང་འགལ་བ་མང་བའི་ས་ཆར་སྐྱོད་པ་བཅས་བྱས་ཏེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་སྙིང་གཏམ་ཤོད་རེས་བྱས་པ་རེད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་ཝུའུ་ཡིས། ནོར་སྲིད་ཐིང་གིས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་ལས་ཀའི་བྱེད་ཐབས་དང་ཕན་འབྲས་སུ་བསྒྱུར་ནས་སྔ་རྗེས་སུ་མ་དངུལ་དོ་དམ་བྱེད་ཐབས་ཁག་83བཟོ་བཅོས་བརྒྱབ་པ་དང་། རིམ་རྩིས་བརྒྱབ་ན། ནོར་སྲིད་གཏོང་སྒོའི་ཚད་གཞི་ཁག་90ལྷག་ཙམ་བཏོན་ཏེ་ནོར་སྲིད་མ་དངུལ་བགོ་འགྲེམས་དོ་དམ་གྱི་ཚད་ལྡན་རང་བཞིན་དང་ཚན་རིག་རང་བཞིན་སྔར་བས་མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “2025ལོར་ཁྱབ་བསྒྲགས་བྱས་པའི《གསལ་རྟོགས་བྱང་བུའི》ནང་གཙོ་བོ་སྤྱི་ཚོགས་འགན་སྲུང་དང་། འཕྲོད་བསྟེན་བདེ་ཐང་། གཟིགས་སྐྱོང་འགན་སྲུང་། སློབ་གསོ། ཞིང་འབྲོག་ལས། ནགས་ཚལ་རྩྭ་ཐང་སོགས་ཁྱབ་ཁོངས་ནང་གི་ཁ་གསབ་སྲིད་ཇུས་ཁག་56ཚུད་ཡོད་པ་མ་ཟད། ད་དུང་ཐད་ཀའི་ཁ་གསབ་སྲིད་ཇུས་དང་གཞན་བརྒྱུད་ཁ་གསབ་སྲིད་ཇུས་སོགས་ཀྱང་ཚུད་ཡོད”

    2025ལོར། ལྗོངས་ཡོངས་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་107.25ཕྱི་གསལ་ནང་གསལ་གྱིས་སྤྲད་པ་དེ་མི་ཐེངས་ཁྲི་721ལ་ཁྱབ་ཡོད་པ་རེད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནང་དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་མ་དངུལ་གྱི“གཱ་གཅིག་ཀུན་འཐུས”ལྟ་སྐུལ་ལས་སྟེགས་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་བཞིན་ཡོད་ཅིང་། ས་གནས་ཁག་གི་ཁ་གསབ་མ་དངུལ་གཏོང་སྤྲོད་བྱས་ཚུལ་ལ་དུས་ཐོག་ཏུ་ཆ་འཕྲིན་ལྡོག་འདྲེན་དང་ལྟ་སྐུལ་ནུས་ལྡན་བྱེད་བཞིན་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པའི་ཐོག་ལངས་ནས། རང་སྐྱོང་ལྗོངས་ནོར་སྲིད་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཟ་མཁས་འཐུང་མཁས་བྱེད་པའི་གོམས་གཤིས་བརྟན་པོ་འཇགས་པར་བྱས་ཏེ་དུས་ཚོད་ཀྱིས་མི་སྒུག་པའི་ཛ་དྲག་གི་འདུ་ཤེས་དང་ང་མིན་ན་སུ་ཡིན་པའི་འགན་འཁྲི་སྒྲུབ་སེམས་ལ་བརྟེན་ནས་དམངས་ཀྱི་དཀའ་ངལ་སེལ་བ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།