ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདས་པའི་ལོ་གཅིག་ནང་། ང་ཚོའི་དབར་འབྲེལ་གཏུགས་ཡག་པོ་རྒྱུན་འཁྱོངས་ཐུབ་ནས་ཧྥུའུ་ཧྲན་དུ་ཐུག་འཕྲད་བདེ་བླག་བྱུང་བ་དེས་ཀྲུང་ཨའི་འབྲེལ་བར་ཁ་སྒྱུར་ཕྱོགས་སྟོན་བྱས་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། ངས་ཀྲུང་ཨའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་གསར་པར། ངས་ཁྱེད་དང་ལྷན་དུ་ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདི་རླུང་རྟེན་རླབས་གཤགས་དང་མདུན་སྐྱོད་བརྟན་པོ་བྱེད་པར་མུ་མཐུད་སྣེ་ཁྲིད་བྱས་ཏེ་དོན་ཆེན་དང་བྱ་བཟང་མང་ཙམ་སྒྲུབ་འདོད་ཡོད། ཨ་རི་ཕྱོགས་ལ་ཨ་རི་ཕྱོགས་ཀྱི་དོ་ཁུར་བྱ་ཡུལ་ཡོད་ལ། ཀྲུང་གོ་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་བྱ་ཡུལ་ཡང་ཡོད། ཀྲུང་གོ་ཕྱོགས་ཀྱིས་གང་བཤད་ཚིག་གནས་དང་ཁ་བཤད་ལག་བསྟར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་རྣམ་འགྱུར་བཟུང་ནས་ཁ་སྤྲོད་དུ་བསྐྱོད་ཚེ། ཕན་ཚུན་དབར་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་ཐབས་རྙེད་ཀྱི་རེད། ད་ལོར་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་སོ་སོའི་གྲོས་རིམ་གལ་ཆེན་མི་ཉུང་བ་ཡོད། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པ་དང་། ཨ་རིའི་རྒྱལ་ཁབ་བཙུགས་ནས་ལོ་ངོ་250འཁོར་གྱི་ཡོད། ད་དུང་རྒྱལ་ཁབ་གཉིས་པོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་སོ་སོར་གཙོ་གཉེར་བྱ་རྒྱུ་ཡིན་པས། ཕྱོགས་གཉིས་པོས་ང་ཚོའི་ཐུན་མོང་གི་ངོས་འཛིན་ལྟར་གླེང་མོལ་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་མི་མཐུན་ས་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཁེ་ཕན་ཆུང་ཆུང་རེད་བསམས་ནས་མི་སྒྲུབ་པ་དང་གནོད་པ་ཆུང་ཆུང་རེད་བསམས་ནས་མི་སྒྲུབ་མི་སྡོད་པར་བྱ་བ་རེ་རེ་བཞིན་བསྒྲུབས་ཏེ། ཕན་ཚུན་དབར་གྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་མཉམ་གནས་ཀྱི་ལམ་བུ་ཡང་དག་ཅིག་བཏོད་དེ། 2026ལོ་འདི་ཉིད་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་ཕྱོགས་སུ་སྐྱོད་པའི་ལོ་ཞིག་ཏུ་འགྱུར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེ་ཤོས་དེ་ཡིན། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་ནས། ནམ་ཡིན་ཡང་ཐའེ་དབན་ཁ་བྲལ་དུ་འཇུག་མི་སྲིད། དེ་བས་ཨ་རི་ཕྱོགས་ཀྱིས་ཐའེ་དབན་ལ་གོ་མཚོན་བཙོང་བའི་གནད་དོན་ངེས་པར་དུ་ཐག་གཅོད་གཟབ་ནན་བྱེད་དགོས།
ཐེ་རོན་ཕུའུ་ཡིས་བརྗོད་དོན། ཨ་རི་དང་ཀྲུང་གོ་གཉིས་ཀ་རླབས་ཆེན་གྱི་རྒྱལ་ཁབ་གཉིས་ཡིན་ལ། ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་འབྲེལ་བ་གལ་ཆེ་ཤོས་དེ་ཡིན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་རླབས་ཆེན་གྱི་འབྲེལ་བ་ཡོད་ལ། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩི་བཀུར་ཆེན་པོ་ཞུ་གི་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཨ་ཀྲུང་གཉིས་ཀས་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་སུ་མཉམ་འགུལ་བཟང་པོ་བྱས་ཡོད། ངས་ཀྱང་ཀྲུང་གོར་གྲུབ་འབྲས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གསར་པ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ངས་ཐའེ་དབན་གནད་དོན་ཐད་ཀྱི་ཀྲུང་གོའི་དོ་ཁུར་བྱ་ཡུལ་ལ་མཐོང་ཆེན་བྱེད་པ་དང་། ངས་ཙུང་ཐུང་གི་འགན་འཁུར་རིང་ཀྲུང་གོ་ཕྱོགས་དང་འབྲེལ་གཏུགས་རྒྱུན་འཁྱོངས་བྱས་ནས་ཨ་ཀྲུང་འབྲེལ་བ་བརྟན་ལ་ཡག་པོ་རྒྱུན་འཁྱོངས་ཡོང་བའི་རེ་བ་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།