དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཧྥེ་རི་ཁའི་བྱེ་ཐང་གི་ལྗིད་ཐེག་ལྕགས་ལམ་དང་པོར་མེ་འཁོར་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧའོ་རུའེ་མིན།   |     སྤེལ་དུས།  2026-02-05

    ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་1ཉིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཀུང་སིས་སྐྲུན་འགན་འཁུར་བའི་ཨར་ཅི་རི་ཡའི་ནུབ་རྒྱུད་ཀྱི་ལྕགས་ལམ་གཏེར་ལས་ལམ་ཐིག་ཡོངས་སུ་མེ་འཁོར་ཤར་གཏོང་ཐུབ་ཅིང་། འདི་ནི་མེ་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཞོགས་པའི་ཉི་གཞོན་འཕྲོས་པའི་ས་ཧ་ལའི་བྱེ་ཐང་དུ་ལྕགས་ལམ་ཞིག་ཐག་སྐུད་ནག་པོ་རིང་པོ་ཞིག་རྒྱང་རིང་ལ་བསྲིངས་པ་ལྟར་གནས།

    དེ་ནི་ཨར་ཅི་རི་ཡའི་ནུབ་རྒྱུད་ཀྱི་དབུས་སུ་ཀྲུང་གོ་དང་ཨར་ཅི་རི་ཡའི་འཛུགས་སྐྲུན་པ་8000ལྷག་ཙམ་གྱིས་ཉིན་མཚན་བལྟོས་མེད་ངང་འབད་འཐབ་བྱས་པའི་གྲུབ་འབྲས་ཤིག་རེད། ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་1ཉིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཀུང་སིས་སྐྲུན་འགན་འཁུར་བའི་ཨར་ཅི་རི་ཡའི་ནུབ་རྒྱུད་ལྕགས་ལམ་གཏེར་ལས་ལམ་ཐིག་རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོ་དངོས་སུ་ཤར་གཏོང་ཐུབ་ཅིང་། ལྷོ་བྱང་སྦྲེལ་བའི་ལྕགས་ལམ་དེ་ས་ཁོངས་མཉམ་འགུལ་འཕེལ་རྒྱས་ཀྱི་འགན་འཁུར་ཡོད་པ་དང་། ཀྲུང་ཨར་དབར་རྨང་གཞིའི་སྒྲིག་བཀོད་ཐད་དངོས་སྒྲུབ་མཉམ་ལས་བྱས་པའི་ཚད་ཤིང་རྣམ་གྲངས་ཤིག་ཏུ་གྱུར་ཡོད།

    དེ་ནི་ཨ་ཧྥེ་རི་ཁའི་བྱེ་ཐང་ལྗིད་ཐེག་ལྕགས་ལམ་དང་པོ་དེ་ཡིན་པ་དང་། ལམ་ཐག་ཡོངས་ལ་སྤྱི་ལེ་950ཡོད་པ་དེའི་ནང་གསར་དུ་བསྐྲུན་པའི་སྤྱི་ལེ་575ཡི་ལྕགས་ལམ་མ་ལམ་དེ་ཀྲུང་ཨར་ཕྱོགས་གཉིས་པོས་མཉམ་འབྲེལ་ཐོག་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཨར་ཅི་རི་ཡར་སྐྲུན་འགན་འཁུར་བའི་ལས་གྲྭ་རྐྱང་མ་ཆེ་ཤོས་དེ་རེད། ལྕགས་ལམ་ནི་པེ་ཧྲར་ཞིང་ཆེན་དང་ཐིང་ཏུའུ་ཧྥུ་ཞིང་ཆེན་ཅ་ལ་ཅེ་པི་ལའེ་ཐེའི་ལྕགས་གཏེར་ཁུལ་དང་སྦྲེལ་ཡོད། རྣམ་གྲངས་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེས་ཨར་ཅི་རི་ཡའི་ལྕགས་ལམ་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་དེའི་ལྷོ་ནུབ་ས་ཁུལ་གྱི་ཕན་ཚུན་འབྲེལ་མཐུད་དང་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད།

    ཉིན་དེའི་མེ་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོའི་ཐོག་ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པིན་གྱིས་ཀྲུང་གོའི་ཁེ་ལས་ཞུགས་པའི་འོག་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་ཟིན་ཐོ་གསར་པ་བཏོད་ཡོད། “ཀྲུང་གོའི་གྲོགས་པོ་ཚོས་དཀའ་ཚེགས་ཆེ་བའི་རང་བྱུང་ཆ་རྐྱེན་ཁྱད་བསད་བྱས་ནས་རྣམ་གྲངས་འཛུགས་སྐྲུན་བདེ་བླག་ངང་ལེགས་སྒྲུབ་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད་པ་རེད།

    འདི་ནི་ཨར་ཅི་རི་ཡའི་ནུབ་རྒྱུད་ལྕགས་ལམ་གཏེར་ལས་ལམ་ཐིག་གི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཀྲུང་ཨར་གྱི་འཛུགས་སྐྲུན་པས་མཉམ་དུ་ལྕགས་ལམ་འདིང་བཞིན་པ།

    ཨར་ཅི་རི་ཡའི་སྤྱི་པའི་ལས་གྲྭ་དང་རྨང་གཞིའི་སྒྲིག་བཀོད་པུའུ་དང་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་དགོས་མཁོ་གཞིར་བཟུང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཀུང་སིས་ཨར་ཅི་རི་ཡ་ཕྱོགས་ཀྱི་མཐོ་རིམ་དོ་དམ་མི་སྣར་ཆེད་མངགས་ལྕགས་ལམ་ལག་རྩལ་དང་དོ་དམ་གསོ་སྦྱོང་ཐེངས་མང་བྱས་པ་དང་ལག་རྩལ་མཉམ་སྤྱོད་ལ་བརྟེན་ནས་ཕྱོགས་གཉིས་པོའི་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ཡོད་པ་རེད། དེ་སྔ་ཀྲུང་གོར་གསོ་སྦྱོང་ལ་ཞུགས་མྱོང་བའི་ཨར་ཅི་རི་ཡའི་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ལག་རྩལ་ཅིང་ལི་པིན་ཧ་ལི་མ·ཨེ་ཧ་མའེ་ཏེ·ཧྥ་ལུའུ་ཁེ་ཡིས་འབྲེལ་ཡོད་གསོ་སྦྱོང་ནང་ཀྲུང་གོའི་ལྕགས་ལམ་གྱི་ལག་རྩལ་ཚད་གཞི་དང་དོ་དམ་ཉམས་མྱོང་ངོ་སྤྲོད་བྱས་པས་ཨར་ཀྲུང་ཕྱོགས་གཉིས་པོས་ལྕགས་ལམ་ཁྱབ་ཁོངས་སུ་ཕན་ཚུན་ཡིད་ཆེས་ཆེ་རུ་དང་མཉམ་ལས་རྒྱ་ཆེར་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    རྣམ་གྲངས་དེས་ཀྱང་ས་གནས་དེ་གའི་དམངས་ཚོགས་ལ་ལས་ཞུགས་ཡོང་འབབ་འཕར་སྣོན་དང་འཇོན་ཐང་ཆེ་རུ་གཏོང་བའི་ལས་སྟེགས་བསྐྲུན་ཡོད། ལེ་ལག་ཚང་བའི་རྣམ་གྲངས་བསྐྲུན་པའི་ཨར་ཅི་རི་ཡའི་དེང་རབས་ཅན་གྱི་རིག་ནུས་ལྕགས་ལམ་གདན་སྤྱད་བཟོ་གྲྭ་དང་པོར་ལོ་26ལ་སླེབས་པའི་ས་གནས་དེ་གའི་གཞོན་ནུ་ཏེ་པེ་ཁ·མུ་ཧན་མོ་ཏེ་ནི་དོ་དམ་པ་གཙོ་བོ་རེད། བཟོ་གྲྭར་ཐོག་མར་སླེབས་སྐབས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས་ཁོང་གིས“ལྡིར་སྒྲ་ཆེན་པོ་གྲགས་པའི་རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་མདུན་དུ་ངས་ལག་རྩལ་བྱང་ཆུབ་པོ་ཡོང་བར་བྱས་ཏེ་ལས་སྒོ་འཕེར་བའི་མི་ཞིག་བྱ་རྒྱུའི་ཆོད་སེམས་བཅངས་པ་ཡིན”ཞེས་བཤད་པ་དང་། ལས་ཀའི་ཁྲོད་ཏེ་པེ་ཁས་རང་འགུལ་ངང་ལས་རིམ་གྱི་གཙོ་གནད་ཟིན་ཐོ་འགོད་པ་དང་བཀོལ་སྤྱོད་རྩལ་ནུས་ཞིབ་འཇུག་བྱས་ཏེ་ཀྲུང་གོའི་དགེ་རྒན་དང་མཉམ་དུ་ཨར་འདམ་ལུགས་རྒྱག་པ་དང་སྒྲིག་ཆས་སྙོམ་སྒྲིག་སོགས་ཀྱི་རྩལ་ནུས་སློབ་སྦྱོང་བྱས་ཏེ་མགྱོགས་མྱུར་ངང་ལས་གནས་ཐོག་གི་གར་བཏང་གོ་ཆོད་ཅིག་ཏུ་འཚར་ལོངས་བྱུང་ཡོད།

    རྣམ་གྲངས་ཀྱི་ལམ་ཐིག་གཉེར་སྐྱོང་སྲུང་སྐྱོང་དུས་མཚམས་སུ་ད་དུང་ཐད་ཀར་ལས་ཞུགས་ལས་གནས་3000ལས་མི་ཉུང་བ་བཏོད་ནས་ས་གནས་དེ་གའི་དམངས་ཚོགས་ལ་ཡོང་འབབ་ཡོང་ཁུངས་བརྟན་པོ་མཁོ་འདོན་ཐུབ་རྒྱུ་ཡིན་ཞིང་། ཐིང་ཏུའུ་ཧྥུ་ཞིང་ཆེན་གྱི་ཡུལ་མི་ཨ་པུའུ་ཏུའུ་ལེ་ཁ་ཏེར·པིན·ས་ལ་ཧི་ཡིས། “ལྕགས་ལམ་འདི་གཏེར་ཁུལ་དང་། གྲོང་ཁྱེར། གྲུ་ཁ་བཅས་དང་སྦྲེལ་ཡོད་པས་ས་གནས་དེ་གའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་སྔར་ལས་ལེགས་པོ་བཏང་སྟེ། གཞོན་ནུ་ཚོར་ལས་ཞུགས་གོ་སྐབས་དང་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་རྒྱ་ཆེར་བཏང་སྟེ། ཨར་ཅི་རི་ཡའི་ཕུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་རེ་སྒུག་ཆེན་པོ་བྱེད་བཞིན་བརྗོད་པ་རེད།

    འདི་ནི་གནམ་གྲུའི་ཐོག་ནས་པར་བརྒྱབ་པའི་ཨར་ཅི་རི་ཡའི་ནུབ་རྒྱུད་ལྕགས་ལམ་གཏེར་ལས་ལམ་ཐིག་གི་རྣམ་གྲངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།