“རྒྱ་ཡིག་གི་སློབ་ཚན་རེ་རེ་ནི་རིག་གནས་ཀྱི་ཡུལ་སྐོར་བྱས་པ་ཞིག་རེད”
—— ཐེ་ལན་སློབ་གསོ་པུའི་པུའུ་ཀྲང་ཟུར་པ་སུའུ་ཁྲ་ལ་བཅར་འདྲི་བྱས་པ།
“ཐེ་ལན་དུ་རྒྱ་ཡིག་སློབ་གསོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་ཐེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་འགྲོ་བར་རྒྱུན་མཐུད་སྒུལ་ཤུགས་བསྣན་ཡོད” ཉེ་ཆར། ཐེ་ལན་སློབ་གསོ་པུའི་པུའུ་ཀྲང་ཟུར་པ་སུའུ་ཁྲ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཐེ་ཀྲུང་གིས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། རྒྱ་ཡིག་སློབ་གསོ་དེ་གཞོན་ནུའི་དབར་གྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བརྗོད།
2012ལོར་སློབ་གསོ་པུའི་པུའུ་ཀྲང་གི་ལས་འགན་ཕྱིར་འཐེན་རྗེས། སུའུ་ཁྲ་པེ་ཅིང་སློབ་ཆེན་དུ་ཡོང་ནས་ཟླ་བ་གཉིས་རིང་རྒྱ་ཡིག་སློབ་སྦྱོང་བྱས་ཤིང་། ཐེ་ལན་དུ་ལོག་རྗེས་ཁོང་པང་ཁོག་ཏུ་ཡོད་པའི་ཀྲུའུ་ལ་ལུང་ཀུང་སློབ་ཆེན་ཁུང་ཙི་སློབ་གླིང་དུ་ཕྱིན་ནས་མུ་མཐུད་རྒྱ་ཡིག་སྦྱངས། སུའུ་ཁྲ་ཡིས་རང་ཉིད་སྡོད་ས་ནས་ཁུང་ཙི་སློབ་གླིང་དུ་རླངས་འཁོར་ལ་བསྡད་ན་ཆུ་ཚོད་གཅིག་འགྲོ་དགོས་མོད། འོན་ཀྱང་ངས་གཟའ་འཁོར་རེར་སློབ་ཚན་ཐེངས་གཉིས་འཚོག་རྒྱུར་ལོ་མང་རིང་རྒྱུན་འཁྱོངས་བྱས་པ་ཡིན་ཞེས་བརྗོད། ཁོང་གིས་རྒྱ་ཡིག་ནི་སྒྱུ་རྩལ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ་རང་ཉིད་ལ་རྒྱ་རིགས་ཀྱི་མིང་སྟེ་ཀྲང་གོ་ཐའེ་ཞེས་བཏགས་ཡོད།
“ངའི་ངོས་ནས་བརྗོད་ན་རྒྱ་ཡིག་གི་སློབ་ཚན་རེ་རེ་ནི་རིག་གནས་ཀྱི་ཡུལ་སྐོར་བྱས་པ་ཞིག་རེད” སུའུ་ཁྲ་ཡིས་རྒྱ་ཡིག་སྦྱོང་བ་ནི་སྐད་ཡིག་ཅིག་ཁོང་དུ་ཆུད་པར་བྱེད་པ་ཞིག་རེད་ལ། ཀྲུང་གོའི་རིག་གནས་ཤེས་རྟོགས་དང་ཀྲུང་གོ་ཤེས་རྟོགས་ཀྱི་ལམ་བུ་ཉག་ཅིག་དེ་བས་ཀྱང་རེད་ཅེས་བརྗོད། ཉིན་རེ་བཞིན་སྤྲོ་སྣང་ཆེ་རུ་ཕྱིན་པ་དང་བསྟུན་ནས། སུའུ་ཁྲ་ཡིས་རང་འགུལ་ངང་སློབ་ཚན་མང་དུ་བཏང་བ་མ་ཟད། ཡིག་གཟུགས་དང་། ཀྲུང་གོའི་རི་མོ། ཀྲུང་གོའི་མིག་མངས་སོགས་ཀྱང་སྦྱོང་གི་ཡོད། “ངས་རྟག་ཏུ《སུན་ཙུའི་དམག་ཇུས》དང《ཁུང་ཙིའི་གསུང་སྒྲོས》བཀླགས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་ཀྱི་ཡོད” བཅར་འདྲི་བྱེད་རིང་། ཁོང་གིས་ཀྲུང་གོའི་ལོ་རྒྱུས་ཀྱི་གཏམ་དཔེ་ཡང་ཡང་དྲངས་པ་མ་ཟད། ཡུན་རིང་མ་སོང་གོང་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་ཟློས་གར《ཆིན་རྒྱལ་རབས་ཆེན་པོ》དང《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》སོགས་བལྟས་པ་ཡིན་ལ་དེའི་ནང་གི་ལོ་རྒྱུས་མི་སྣ་མང་པོ་ཞིག་གིས་བག་ཆགས་ཟབ་མོ་བཞག་བྱུང་ཞེས་བརྗོད། “རླངས་འཁོར་གཏོང་སྐབས་ཀྱང་ཀྲུང་གོའི་ལོ་རྒྱུས་སྐོར་རྟག་ཏུ་ཉན་གྱི་ཡོད། ཇི་ཙམ་ཉན་ན་དེ་ཙམ་གྱིས་སྤྲོ་སྣང་ཆེ་རུ་འགྲོ་གི་འདུག”ཅེས་སུའུ་ཁྲ་ཡིས་བརྗོད།
ཐེ་ལན་སློབ་གསོ་པུའི་པུའུ་ཀྲང་གི་འགན་འཁུར་རིང་། སུའུ་ཁྲ་ཡིས་ཐེ་ལན་དུ་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་ཐེ་ལན་དུ་རྒྱ་ཡིག་དགེ་རྒན་དང་བླངས་པའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།