དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་འབྲི་ཆུའི་ཆུ་འགོ་གྲོང་ཚོར་རི་སྔོན་ཆུ་དྭངས་ལས་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-05

    དགུན་དུས་ཁ་བའི་གོས་དཀར་བཀླུབས་པའི་འབྲི་ཆུའི་ཆུ་འགོར། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་ནོར་བུ་ཚེ་རིང་གི་སྐོར་སྲུང་རྐང་རྗེས་ལྷག་པར་གསལ། སྐོར་སྲུང་ཚར་ནས་མཚོ་སྔོན་གོར་མོ་གྲོང་འདབས་ཀྱི་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ལོག་སྐབས། དེ་གའི་ཐང་ཆེན་དུ་ཉི་མར་ལྡེ་བཞིན་པའི་དེ་སྔའི་ཀྲི་པུའུ་ཧྲུའུ་ཅི་ཀུན་དགའ་རྣམ་རྒྱལ་དང་འཕྲད། ཁོང་གིས་ལག་ཐོགས་ཁ་པར་བླངས་ནས“ཁྱེད་ཀྱིས་ལྟོས་དང་། ཕ་ཡུལ་ལ་ཁ་བ་མཐུག་པོ་བབས་འདུག རྟེན་འབྲེལ་བཟང་པོ་རེད་ཨང”ཞེས་བཤད།

    ཡུལ་མིའི་ངག་ཐོག་གི“ཕ་ཡུལ”ནི་འབྲི་ཆུའི་ཆུ་འགོ་སྟེ་་གདང་ལའི་འདབས་སུ་ཡོད་པའི་རྩྭ་ཐང་ཞིག་ཡིན། ལོ་20ལྷག་གི་གོང་དུ་གྲོང་མི་ཚོས་རྩྭ་ཆུ་གང་བཟང་དེད་ནས་དེ་གར་འབྲོག་པའི་འཚོ་བ་བསྐྱལ་ནས་བསྡད་པ་རེད།

    ཡིན་ནའང་། ནོར་ལུག་མང་དུ་འཕེལ་བ་དང་བསྟུན་ནས་འབྲི་ཆུའི་ཆུ་འགོའི་རྩྭ་ར་ལོ་རེ་བཞིན་ཉམ་ཞན་དུ་ཕྱིན། 2004ལོར། “ཕྱུགས་བཀག་རྩྭ་གསོའི”སྲིད་ཇུས་ཀྱི་འབོད་སྐུལ་འོག འབྲི་ཆུའི་ཆུ་འགོའི་འབྲོག་ལས་གྲོང་ཚོ་6གིས་འབྲོག་པ་སྒྲིག་འཛུགས་བྱས་ནས་ཚོགས་འདུ་ཆེ་ཆུང་ཐེངས་30ལྷག་འཚོགས་མཐར་ཕྱུགས་བཀག་ཁུལ་དུ་ཡོད་པའི་དུད་ཚང་128ཀྱི་འབྲོག་པ་407ཡུལ་གཞན་དུ་སྤོས་པ་རེད།

    ཕ་ཡུལ་ལ་དགའ་ཞེན་ཡོད་ན་ཕ་ཡུལ་ནས་གྱེས་དགོས། གྲོང་མི་ཚོ་ཁུ་ཁུ་ཤིས་རི་དང་ཁུ་ནུ་ཉག་ག་བརྒྱུད་འབྲི་ཆུའི་ཆུ་འགོ་ནས་སྤྱི་ལེ་400ལྷག་ཆོད་པའི་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་སྤོས་པ་དང་། 2006ལོར། གནས་སྤོས་གྲོང་ཚོ་གསར་པ་དེའི་མིང་ལ་འབྲི་ཆུའི་ཆུ་འགོའི་གྲོང་ཚོ་ཞེས་བཏགས་པ་རེད།

    གཙང་གསུམ་ཆུ་འགོ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས། མཚོ་སྔོན་གྱི་ས་ཁུལ་ཁག་ཅིག་གིས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི“དུད་ཚང་རེར་ལས་གནས་རེའི”ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་ཤིང་། འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་བརྒྱ་ལྷག་ལས་གྲུབ་པའི“ཆུ་འགོའི་སོ་དམག”གིས་ཆུ་འགོའི་མུའུ་ཁྲི་501ཟིན་པའི་ཕྱུགས་བཀག་རྩྭ་རར་རྒྱུན་ཆད་མེད་པར་སྐོར་སྲུང་བྱེད་ཀྱི་ཡོད་པ་རེད།

    སྐྱེ་ཁམས་ལེགས་སུ་ཕྱིན་པ་དང་ཆབས་ཅིག འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་ཐོན་ལས་ཕྱོགས་སྒྱུར་ལ་ཡང་འཚོལ་ཞིབ་ཁྲོད་ནས་ཚད་བརྒལ་བྱུང་ཡོད། 2017ལོར་གྲོང་ཚོའི་ཨུ་ལྷན་གཉིས་སྐབས་བརྗེ་དུས་བཀྲ་ཤིས་ཟླ་བ་འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད།

    བཀྲ་ཤིས་ཟླ་བས་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་དེ་མཐའ་འཁོར་གྱི་རྩྭ་ཕྱུགས་དོ་མཉམ་ཁུལ་དུ་བསྐྱོད་མཐར“རི་སྟེང་དུ་ལུགས་མཐུན་ངང་རྩྭ་ཁ་རེས་སྐོར་བྱེད། རི་གཤམ་དུ་ལས་སྣོན་ཞིབ་ཚགས་བྱེད་པའི”འཕེལ་རྒྱས་ཀྱི་ལམ་བུ་གཏན་འཁེལ་བྱས་པ་དང་། དེ་གའི་རི་སྟེང་ཞེས་པ་ནི་དེ་སྔའི་ཕ་ཡུལ་ལ་གོ་བ་དང་། རི་གཤམ་ཞེས་པ་ནི་གནས་སྤོས་རྗེས་ཀྱི་ཁྱིམ་གཞིས་གསར་པར་གོ

    རི་གཤམ་གྱི་དེང་རབས་ཅན་གྱི་འབྲོག་ལས་བཟོ་གྲྭའི་ནང་། གྲོང་མི་ཚོས་ལུག་ཤ་དང་ཚགས་ཤ་སོས་པ་ཐུམ་རྒྱག་བཞིན་ཡོད་པ་དང་། གདང་ལའི་བྲོ་བ་ལྡན་པའི་ཞིམ་ཟས་དེ་དག་ཟོག་འགྲེམས་དྲ་རྒྱ་བརྒྱུད་རྒྱལ་ཡོངས་ས་ཕྱོགས་གང་སར་དབོར་གྱི་ཡོད་པ་རེད།

    བཀྲ་ཤིས་ཟླ་བས། 2025ལོར་གྲོང་ཚོའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་200ལྷག་ཟིན་པ་ལས་སྒོར་ཁྲི་41གྲོང་མི་ཚོར་བགོ་བཤའ་བརྒྱབ་སྟེ་ལོ་གསར་སྐྱིད་པོ་ཞིག་གཏོང་ཏུ་འཇུག་རྩིས་ཡོད་ཅེས་བཤད།

    རི་སྔོན་ཆུ་དྭངས་ལས“སྲུང་སྐྱོང་པར”ཕན་པ་ཐོབ་པ། མཚོ་སྔོན་ཆུ་བེད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། 2020ལོ་ནས་2024ལོ་བར་འབྲི་ཆུའི་ཆུ་འགོ་ཁུལ་གྱི་ལོ་རེའི་ཆ་སྙོམས་རང་བྱུང་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་དུང་ཕྱུར་265.3ཟིན་ཏེ་1956ནས་2016ལོའི་བར་གྱི་ལོ་མང་རིང་གི་ཆ་སྙོམས་གྲངས་ཐང་ལས་40%ཡན་མང་དུ་ཕྱིན་ཡོད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་3ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།